རྐྱེན་ངན་གྲ་སྒྲིག་དང་ གདོང་ལེན་གྱི་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ ཆོས་སྡེ་ཁག་གི་ དགེ་སློང་ཚུ།

ཆོས་སྡེ་ཚུ་གི་དོན་ལུ་ རྐྱེན་ངན་གྲ་སྒྲིག་དང་ གདོང་ལེན་གྱི་ སྦྱོང་བརྡར།

༉ རྒྱལ་ཁབ་ནང་ འབྱུང་བ་བཞིའི་རྐྱེན་ངན་ཚུ་ གཙོ་བོ་ར་ ཉེན་སྲུང་མེད་པའི་ བཟོ་སྐྲུན་དང་ མི་སེར་ལུ་ རྐྱེན་ངན་གྱི་སྐོར་ལས་ གོ་བ་བརྡ་སྤྲོད་ཉུང་སུ་ དེ་ལས་ གྲ་སྒྲིག་ཀྱི་ འཆར་གཞི་མེད་མི་ལུ་བརྟེན་ བྱུངམ་མས་ཟེར་ཨིན་པས།
དེ་མ་ཚད་ བསྟར་སྤྱོད་འབད་མ་ཚུགས་པའི་ དཀའ་ངལ་དང་ ཁྲོམ་ཚོགས་གོང་འཕེལ་ཡར་དྲག་ དེ་ལས་ རྐྱེན་ངན་འཛིན་སྐྱོང་གི་ ལས་སྣ་ཚུ་ འཆར་གཞི་ནང་ མཉམ་བསྡེབ་མེད་མི་ལུ་བརྟེན་ཡང་ ཉེན་ཁ་བྱུངམ་མས་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༡༤ ལུ་ ཐིམ་ཕུག་རྫོང་ཁག་ནང་འཁོད་ཀྱི་ ཆོས་སྡེ་ཁག་ཚུ་གི་དོན་ལུ་ རྐྱེན་ངན་གྲ་སྒྲིག་དང་ གདོང་ལེན་ དེ་ལས་ རྒུད་གསོ་ལྷན་ཐབས་ཀྱི་ སྦྱོང་བརྡར་འབད་བའི་སྐབས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལས་ཁུངས་ཀྱི་ རྐྱེན་ངན་བཀག་འཛིན་དང་མར་ཕབ་སྡེ་ཚན་གྱི་ ལས་རིམ་འགོ་དཔོན་གོངམ་ སངས་རྒྱས་ཟླ་བ་གིས་ སླབ་མིའི་ནང་ ཆོས་སྡེ་ལ་ལོ་ཅིག་ རྐྱེན་ངན་བཀག་ཐབས་འབད་མ་ཚུགས་པའི་ ས་གོ་ཚུ་ནང་ ཆགས་ཏེ་ཡོདཔ་ལས་ དམིགས་བསལ་དུ་ ཁོང་ཆ་ཁྱབ་ལུ་ རྐྱེན་འཛིན་སྐྱོང་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ སྦྱོང་བརྡར་བྱིན་མི་དེ་ དེ་ལུ་བརྟེན་ཨིན་ཟེར་ཨིན་པས།
ཆོས་སྡེ་ཚུ་གིས་ གློ་བུར་ཉེན་འཚུབས་འཛིན་སྐྱོང་ནང་ ལཱ་འགན་གཞན་དང་མ་འདྲཝ་སྦེ་ འབག་ཚུགས་ནི་དང་ ཨ་ལོ་ཚུ་ བདག་འཛིན་འཐབ་ནི་ ཉེན་སྲུང་འབད་ནི་ དེ་ལས་ གློ་བུར་ཉེན་འཚུབས་སྐབས་ ཚུལ་མཐུན་གྱི་གདོང་ལེན་ ངེས་བརྟན་བཟོ་ནི་གི་ འགན་ཁུར་འབག་དགོ་ཟེར་ སངས་རྒྱས་ཟླ་བ་གིས་ བཤདཔ་ཨིན་པས།
ལྷ་ཁང་དང་ དགོན་སྡེ་ཚུ་ ཉེན་སྲུང་འབད་དགོཔ་ཁག་ཆེ་མི་དེ་ཡང་ རྐྱེན་ངན་མ་འབྱུང་བའི་ཧེ་མར་ གྲ་སྒྲིག་འབད་བ་ཅིན་ ཚེ་སྲོག་གི་ཉེན་ཁ་ཚུ་ བཀག་ཚུགས་པ་གིས་མ་ཚད་ གྱོང་རྒུད་དང་ གནོད་སྐྱོན་ཚུ་ མར་ཕབ་འབད་ཚུགས་ནི་ཨིན་པས།
ཉེན་ཁ་མར་ཕབ་འབད་ནིའི་ ཐབས་ལམ་ཚུ་ཡང་ གཞན་ཁར་སྤོ་བཤུད་འབད་ནི་དང་ ཉེན་སྲུང་འབད་ནི་ ཅ་ཆས་ཚུ་ སྒྲིང་སྒྲི་སྦེ་ བསྡམ་བཞག་ནི་ དེ་ལས་ རག་རོ་ཚུ་ ཧིང་སངས་སངས་སྦེ་ བཟོ་བཞག་ནི་དེ་ ཁག་ཆེ་ཟེར་ ལས་རིམ་འགོ་དཔོན་གོངམ་གིས་ བཤདཔ་ཨིན་པས།
འབྲུག་ལུ་ གནོད་ཉེན་ཚུ་ཡང་ ས་ཡོམ་དང་ ཁྱེགས་མཚོ་ལུ་བརྟེན་པའི་ཆུ་རུད་ ས་རུད་ ནགས་མེ་ རླུང་འཚུབས་ ནད་ཡམས་མུ་གེ་ལུ་བརྟེན་ བྱུང་དོ་ཡོདཔ་ཨིན་པས།
སྦྱོང་བརྡར་སྐབས་ རྐྱེན་ངན་མ་འོངས་པའི་སྐབས་དང་ རྐྱེན་ངན་བྱུང་སྡོདཔ་ད་ དེ་ལས་ རྐྱེན་ངན་བྱུང་ཚར་ཞིནམ་ལས་ ཟློག་ཐབས་དང་ བསྐྱར་གསོ་ དེ་ལས་ བསྐྱར་སྐྲུན་ཚུ་ ག་དེ་སྦེ་ འབད་ནི་ཨིན་ནིའི་སྐོར་ལས་ གྲོས་བསྡུར་འབད་ཡི།
དེ་མ་ཚད་ ད་རེས་ནངས་པར་ མི་མང་ཤོས་ཅིག་གིས་ རྐྱེན་ངན་ཚུ་ ག་ཅི་ར་འབྱུང་རུང་ རྐྱེན་ངན་གཅིག་སྦེ་ བརྩི་འཇོག་འབད་མི་ལུ་བརྟེན་ རྐྱེན་ངན་མ་འདྲཝ་ཡོད་མི་ཚུ་གི་སྐོར་ལས་ བཅའ་གཏོགས་མི་ཚུ་ལུ་ བཤདཔ་བྱིན་ཡི།
ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་ རྒྱབ་ཕྱོགས་ཀྱིས་ སླབ་མིའི་ནང་ རྐྱེན་ངན་ཞི་ཐབས་ལུ་ རྐྱེན་ངན་འབྱུང་ནིའི་ འོས་འབབ་ཡོད་པའི་ ས་ཁོངས་ཚུ་ནང་ རྩིགཔ་རྐྱབ་ནི་དང་ ཤིང་བཙུགས་ནི་ལ་སོགས་པ་ཚུ་འབད་བ་ཅིན་ རྐྱེན་ངན་ཚུ་ལས་ བཀག་ཐབས་འབད་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྐྱེན་ངན་ཚུ་ལས་ བཀག་ཐབས་འབད་ནིའི་དོན་ལུ་ དགོན་སྡེ་གི་ མཐའ་འཁོར་ཚུ་ མི་ཊར་༥༠-༡༠༠ དེ་ཅིག་ ཧིང་སངས་ས་སྦེ་ བརྫམ་བཞག་དགོ་པའི་ཁར་ ཆུ་རྫིང་ཚུ་བཟོ་བ་ཅིན་ མེ་རྐྱེན་རེ་ འབྱུང་བའི་སྐབས་ ཟློག་ཐབས་འབད་ཚུགས་ཟེར་ཨིན་པས།
རྒྱབ་ཕྱོགས་ཀྱིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ རྟ་མགྲིན་གནས་ཀྱི་ ཉེ་འདབས་ལུ་ ནགས་ཚལ་མེ་རྐྱེན་ཤོར་བའི་སྐབས་ རྟ་མགྲིན་གནས་དེ་ ཐལ་བར་བརླག་གཏང་ནིའི་གུ་ ལྷོད་ཡོད་རུང་ གནས་ཀྱི་ས་ཁོངས་ནང་ ཉེན་སྲུང་གི་དོན་ལུ་ ཆུ་རྫིང་གཅིག་ བཟོ་བཞག་མི་དེ་གིས་ མེ་རྐྱེན་ཤོར་ནི་ལས་ བཀག་ཐབས་འབད་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྱེགས་མཚོ་ཚུ་ རྦེད་འོང་བའི་སྐབས་ ཤེས་ནིའི་དོན་ལུ་ ཉེན་བརྡའི་འཕྲུལ་ཆས་ཚུ་ གཞི་བཙུགས་འབད་དེ་ཡོད་རུང་ ས་ཡོམ་གྱི་རྐྱེན་ངན་དེ་ ནམ་འོང་ནི་ སླབ་མ་ཤེས་ནི་དེ་གིས་ ག་ར་འབད་རུང་ རྐྱེན་ངན་མ་འབྱུང་བའི་ཧེ་མར་ སྔོན་འགོག་འབད་ནི་དེ་ ཁག་ཆེ་ཟེར་ཨིན་པས།
དེ་མ་ཚད་ འབྱུང་བ་བཞིའི་རྐྱེན་ངན་ཚུ་ མང་ཤོས་ར་ ལྷ་ཁང་དང་ དགོན་སྡེ་ཚུ་ནང་ འབྱུང་དོ་ཡོདཔ་ལས་ དགོན་སྡེ་ཚུ་ སྤུས་ཚད་དང་ལྡནམ་སྦེ་ བཞེངས་དགོ་པའི་ཁར་ ག་དེ་དྲག་དྲག་ ཉེན་སྲུང་ཅན་སྦེ་ བཞག་དགོ་ཟེར་ཨིན་པས།
ལས་ཁུངས་ཀྱིས་ ལྷ་ཁང་དང་ དགོན་སྡེ་ཁག་ཚུ་ནང་ རྐྱེན་ངན་འཛིན་སྐྱོང་གི་སྐོར་ལས་ གོ་བ་བརྡ་སྤྲོད་དེ་ཡང་ སྤྱི་ལོ་༢༠༡༢ ལུ་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་པའི་ཤུལ་ལས་ གལ་གནད་ཅན་ལུ་དམིགས་ཏེ་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་ རྫོང་ཁག་༡༩ ལུ་ འབད་ཚར་ཏེ་ཡོདཔ་ཨིན་པས།
སངས་རྒྱས་ཟླ་བ་གིས་ སླབ་མིའི་ནང་ ད་རེས་ རྫོང་ཁག་༡༤ ནང་ རྐྱེན་ངན་འཛིན་སྐྱོང་འབད་ནིའི་དོན་ལུ་ དང་ལེན་འཆར་གཞི་ཚུ་ཡང་ བརྩམས་ཚར་ཏེ་ཡོད་ཟེར་ཨིནམ་ད་ སྦྱོང་བརྡར་འབད་ཚར་བའི་ཤུལ་ལས་ རང་སོའི་དགོན་སྡེ་དང་ ལྷ་ཁང་ རྫོང་གཞིས་ཚུ་ནང་ རྐྱེན་ངན་ཚུ་འབྱུང་བ་ཅིན་ གདོང་ལེན་འབད་ནིའི་དོན་ལུ་ རྐྱེན་ངན་འཛིན་སྐྱོང་འཆར་གཞིའི་ དཔེ་རིས་ཚུ་ཡང་ ལེན་ནི་ཨིན་ཟེར་ཨིན་པས།
ཐིམ་ཕུག་རྫོང་ཁག་ནང་ ལྷ་ཁང་༦༥ དང་ མཆོད་རྟེན་༣༧༥ དེ་ཅིག་ རྫོང་ཁག་བདག་སྐྱོང་དང་གཅིག་ཁར་ ཐོ་བཀོད་འབད་དེ་ ཡོདཔ་ཨིནམ་ད་ སྦྱོང་བརྡར་དེ་ ཨ་ལོའི་ཉེན་སྲུང་ལས་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་དགྲ་མེད་རྩེ་གི་ ལོ་བསྟར་ཚེས་བཅུའི་ རྒྱབ་ཁུངས་མདོར་བསྡུས།

༉ ཤར་ཕྱོགས་དགྲ་མེད་རྩེ་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་གྲྭ་ཚང་གི་ ལྷ་ཁང་ནང་སྦེ་ གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་ཚེས་བཅུ་དེ་ གཞན་དང་མ་འདྲ་བའི་ རྩ་ཅན་ཅིག་ཨིནམ་ད་ དེ་ཡང་ གཏེར་སྟོན་པདྨ་གླིང་པའི་སྲས་ ཀུན་དགའ་རྒྱལ་མཚན་དང་ སྲསམོ་ ཨ་ནེ་མཆོད་རྟེན་བཟང་མོ་ལུ་བརྟེན་ བྱུང་ནི་དེ་གིས་ཨིན་པས། རང་ཟླ་༡༠ …

Leave a Reply

Your email address will not be published. Required fields are marked *