ཆོས་འཁོར་-སྟང་ འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༉ བུམ་ཐང་ཆོས་འཁོར་-སྟང་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུ་དེ་ ནད་ཡམས་ཀོ་བིཌ་-༡༩ འི་ཉེན་སྲུང་ལམ་སྟོན་དང་ ཐབས་ལམ་ལག་ལེན་ཐོག་ལས འགོ་འདྲེན་འཐབ་ནི་བཟུམ་ ཡོདཔ་ཨིན་པསས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་དྲུང་ཆེན་ ཟླ་བ་བསྟན་འཛིན་གྱིས་ སླབ་མིའི་ནང་ དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་ནིའི་དོན་ལས་ གྲ་སྒྲིག་གི་ལཱ་ཚུ་ འབད་བའི་བསྒང་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ཟླ་༩ པའི་ཚེས་༧ ལས་ ཆོས་འཁོར་-སྟང་ འདེམས་ཁོངས་ཀྱི་ འཐུས་མི་དང་ ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ་ མཁས་དབང་པདྨ་རྒྱ་མཚོ་གིས གཞུང་འབྲེལ་ཐོག་ལས་ དགོངས་ཞུ་འབད་མི་ལུ་བརྟེན་ འདེམས་ཁྲི་ས་སྟོང་ ཐོན་སོ་ཡི་ཟེར་ཨིན་པས།
ཨིན་རུང་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༣༡ ལས་ བཙག་འཐུ་ལྷན་ཚོགས་ཀྱི་ ལྷན་འཛིན་ཚུ་ ལོ་༥ འི་གནས་ཡུན་ཚང་སྟེ་ དགོངས་ཞུ་སོང་ཡོདཔ་ལས་ ད་རེས་ ལྷན་འཛིན་གསརཔ་ཚུ་ བསྐོ་བཞག་མ་འབད་བར་ ཡོདཔ་ཨིན་པས།
འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༡༧༩ པ་དང་འཁྲིལཝ་ད་ འདེམས་ཁྲི་སྟོངམ་ཐོན་པའི་ཉིནམ་ལས་ སྤྱི་ཚོགས་ནང་ཨིན་ཚེ་ དུས་མིན་བཙག་འཐུ་འདི་ དུས་ཡུན་ཉིན་གྲངས་༩༠ འི་ནང་འཁོད་ལུ་ འགོ་འདྲེན་འཐབ་དགོཔ་ཨིན་པས།
དུས་མིན་བཙག་འཐུ་དེ་ གལ་སྲིད་ བཙག་འཐུ་ལྷན་ཚོགས་ཀྱིས་ གཞུང་དང་གྲོས་བསྟུན་ཐོག་ དུས་ཚོད་དེ་གི་སྐབས་ འགོ་འདྲེན་འཐབ་ནི་ལུ་ དཀའ་ངལ་གྱི་སྐོར་ལས་ ངོ་སྦྱོར་འབད་བ་ཅིན་ ཕར་འགྱངས་འབད་ཆོག་ཟེར་ བཅའ་ཁྲིམས་ནང་བཀོད་ནུག།
ཟླ་བ་བསྟན་འཛིན་གྱིས་ བུམ་ཐང་རྫོང་ཁག་ནང་ མི་སྡེ་ལས་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ སྙན་ཞུ་མེད་པའི་ཁར་ འདེམས་ཁོངས་ཆུང་ཀུ་ཨིནམ་ལས་ བཙག་འཐུ་འགོ་འདྲེན་འཐབ་ཚུགས་པའི་ འོས་འབབ་མཐོངམ་མས་ཟེར་ བཤདཔ་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ ལྷན་འཛིན་གསརཔ་ཚུ་གིས་ ཐག་བཅད་པའི་ཤུལ་ལས་ དེ་འཕྲོ་ལས་ དུས་མིན་བཙག་འཐུའི་ གསལ་བསྒྲགས་འབད་འོང་ཟེར་ཨིན་རུང་ ནམ་འགོ་འདྲེན་འཐབ་ནི་ཨིན་ན་ ལྷན་འཛིན་དང་འཁྲིལ་ འགྱོ་འོང་ཟེར་ཨིན་པས།
ད་རེས་ གཞུང་དང་ ལྡོག་ཕྱོགས་༢ ཆ་ར་གིས་ ཆོས་འཁོར་-སྟང་ འདེམས་ཁོངས་ཀྱི་ འདེམས་ངོ་༢ གསལ་བསྒྲགས་མ་འབད་བར་ ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ དུས་མིན་བཙག་འཐུ་གི་དོན་ལུ་ འདེམས་ངོ་ངོས་འཛིན་འབད་དེ་ཡོདཔ་ལས་ འཕྲལ་མགྱོགས་ར་ གསལ་བསྒྲགས་འབད་འོང་ཟེར་ཨིན་པས།
ཧེ་མ་ ལྡོག་ཕྱོགས་ཚོགས་པ་དེ་ དུས་མིན་བཙག་འཐུ་ཅིག་ནང་ ཕམ་སོང་རུང་ གཞན་༡ ནང་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༣ ལུ་ པདྨ་དགའ་ཚལ་ ན་ནོང་-ཤུ་མར་འདེམས་ཁོངས་ནང་ དུས་མིན་བཙག་འཐུ་འབད་བའི་སྐབས་ ལྡོག་ཕྱོགས་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོད་རུང་ སྤྱི་ལོ་༢༠༡༦ ལུ་ བྱང་ཐིམ་ཕུག་འདེམས་ཁོངས་ནང་ དུས་མིན་བཙག་འཐུ་འབད་བའི་སྐབས་ ཕམ་སོ་ནུག།
འབྲུག་མཉམ་རུབ་ཚོགས་པའི་ འཐུས་མི་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ དུས་མིན་བཙག་འཐུའི་དོན་ལུ་ འདེམས་ངོ་གསལ་བསྒྲགས་མ་འབད་བར་ཡོད་རུང་ ཚོགས་པའི་འཐུས་མི་ཚུ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ ཟླ་བ་གིས་ དོ་འགྲན་འབད་ནི་བཟུམ་ ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ཀྱི་ སྤྱིར་བཏང་བཙག་འཐུ་ནང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཟླ་བ་གིས་ ཚོགས་རྒྱན་༡,༥༣༦ དང་ ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ་གིས་ ཚོགས་རྒྱན་༣,༢༥༡ ཐོབ་ཡོདཔ་ཨིན་པས།
དེ་བསྒང་ ཆོས་འཁོར་-སྟང་ འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༦,༠༥༡ ཡོདཔ་ཨིན་པས།
བཙག་འཐུའི་བཅའ་ཁྲིམས་དང་འཁྲིལཝ་ད་ སྤྱི་ཚོགས་འདེམས་ཁོངས་ཀྱི་ བཙག་འཐུ་ཐོ་ཡིག་དེ་ དགོས་མཁོ་ཐོནམ་ད་ ཆ་བཞག་གི་ ཚེ་གྲངས་ལུ་ གཞི་བཞག་སྟེ་ ཆེད་དམིགས་བཀོད་པའི་ རྣམ་གཞག་ཐོག་ལུ་ བསྐྱར་ཞིབ་འབད་དགོཔ་ཨིན་པས།
དེ་ཡང་ དུས་མིན་བཙག་འཐུ་ མ་འབད་བའི་ཧེ་མར་ འདེམས་ཁོངས་དེ་ལུ་ བགོ་བཀྲམ་གྲུབ་པའི་སྐབས་ཐོབ་ ས་སྟོང་ཐོན་པའི་ འདེམས་ཁྲི་ཅིག་ བསུབ་ནིའི་དོན་ལུ་ཨིན་ཟེར་ བཅའ་ཁྲིམས་ནང་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *