ཆོས་འཁོར་- སྟང་འདེམས་ངོ་༢ འགྲེམ་ཐོག་ཚོགས་རྒྱན་ལུ་ ཚ་གྱང་ལང་ཡོདཔ།

ད་རིས་ བུམ་ཐང་ཆོས་འཁོར་-སྟང་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུའི་དོན་ལུ་ འདེམས་ངོ་ཚུ་གིས་ གདམ་ངོའི་ཡིག་ཆ་བཙུགས་ནིའི་ དུས་ཚོད་ཨིན་རུང་ ད་རེས་ནངས་པར་ རྒྱལ་སྤྱིའི་གནམ་གྲུ་ཚུ་ དུས་རྒྱུན་དུ་ འཕུར་འགྲུལ་འབད་ནི་མེདཔ་ལས་ སྲིད་དོན་ཚོགས་པའི་ འདེམས་ངོ་༢ ཕྱི་རྒྱལ་ལུ་ སྡོད་མི་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ དུས་ཚོད་ཁར་ ག་དེ་སྦེ་ ལྷོད་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

ཁྱད་ཚད་ལྡན་པའི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་གིས་ ངོས་ལེན་འགོ་དཔོན་ལུ་ འགྲེམ་ཐོག་རྒྱན་ཤོག་གི་ ཐོ་བཀོད་དེ་ སྤྱི་ཟླ་༡༠ པའི་ཚེས་༡༦ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ངོས་ལེན་འགོ་དཔོན་གྱིས་ འགྲེམ་ཐོག་རྒྱན་ཤོག་བསྐྱལ་ནི་དེ་ སྤྱི་ཟླ་༡༠ པའི་ཚེས་༢༧ ལས་ འགོ་བཙུགས་ནི་ཨིན་པས།

དེ་འབད་ལས་ ངོས་ལེན་འགོ་དཔོན་ཚུ་གིས་ འགྲེམ་ཐོག་རྒྱན་ཤོག་སྐྱེལ་ལེན་གྱི་དོན་ལུ་ ཉིན་གྲངས་༢༣ རྐྱངམ་གཅིག་ ཐོབ་དོ་ཡོདཔ་ཨིན་པས།

ཨིན་རུང་ འདེམས་ངོ་ཚུ་གིས་ ཕྱི་རྒྱལ་ལུ་ སྡོད་མི་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ དུས་ཚོད་ཁར་ལྷོད་ནི་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཐབས་ཤེས་བདེ་སྒྲིག་འབད་ནི་གི་ རེ་བ་བསྐྱེདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པ་ལས་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ ལས་བྱེདཔ་བགྲེསཔ་ སྐྱེས་ལོ་༤༢ ལང་མི་ ཟླ་བ་གིས་ འདེམས་ངོ་སྦེ་ ཐོན་ཏེ་ཡོདཔ་ད་ ཁོ་གིས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༣༥ ལང་མི་ བསྟན་འཛིན་ནོར་བུ་དང་ དོ་འགྲན་འབད་ནི་ཨིན་པས།

ཟླ་བ་གིས་ སླབ་མིའི་ནང་ ཕྱི་རྒྱལ་ལུ་ སྡོད་མི་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ག་དེ་སྦེ་ གོ་སྐབས་ཐོབ་ག་ ཚ་གྱང་སྦོམ་སྦེ་ར་ ལང་སྟེ་ཡོད་ཟེར་ཨིནམ་ད་ འདེམས་ཁོངས་ཀྱི་ མི་སེར་ཚུ་ ཡུ་ཨེསི་དང་ ཨཱསི་ཊེ་ལ་ཡ་ལས་ཕར་ ལེ་ཤ་ར་ཡོདཔ་ལས་ ཁོང་གིས་ བརྡ་འཕྲིན་ཚུ་ཡང་ ལྷོད་བཞིན་དུ་ཡོད་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ གནད་དོན་དེ་ སེལ་ཐབས་ལུ་ ལྷན་ཚོགས་ཀྱིས་ ཐབས་ཤེས་ཚུ་ བདེ་སྒྲིག་འབད་ནི་གི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ ལྷན་ཚོགས་ཡིག་ཚང་གིས་འབད་རུང་ དུས་མིན་བཙག་འཐུའི་དོན་ལུ་ གྲ་སྒྲིག་ཡོད་པའི་སྐོར་ལས་ གོ་ཡི་ཟེར་ཨིན་པས།

ལྷན་ཚོགས་ཀྱི་ ལྷན་འཛིན་སྤྱི་ཁྱབ་དང་ ལྷན་འཛིན་ཚུ་ སྤྱི་ཟླ་༡༠ པའི་ཚེས་༡༤ ལུ་ བསྐོ་བཞག་གནང་ཡོདཔ་ཨིན་པས།

མ་གཞི་ ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ་གིས་ དགོངས་ཞུ་ཡི་གུ་དེ་ སྤྱི་ཟླ་༧ པའི་ནང་ བཙུགས་ཡོད་རུང་ གཞུང་འབྲེལ་ཐོག་ལས་ སྤྱི་ཟླ་༩ པའི་ཚེས་༧ ལུ་རྐྱངམ་གཅིག་ དགོངས་ཞུ་འབད་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་བསྟན་འཛིན་ནོར་བུ་གིས་ སླབ་མིའི་ནང་ ཁོ་གི་ རྒྱབ་སྐྱོར་འབད་མི་ཚུ་ཡང་ ཕྱི་རྒྱལ་ལུ་ཡོད་རུང་ རྒྱལ་སྤྱིའི་གནམ་གྲུ་འཕུར་འགྲུལ་ བཀག་དམ་ལུ་བརྟེན་ ཐོ་ཕོག་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཕྱི་རྒྱལ་ལུ་ སྡོད་མི་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་ལྷོད་དེ་ ལོག་འདེམས་ཁོངས་ནང་ གཏང་ནི་ལུ་ དུས་ཚོད་ཚད་ཅིག་ལས་བརྒལ་མིན་འདུག་ཟེར་ཨིན་པས།

ད་རེས་ དུས་མིན་བཙག་འཐུ་སྐབས་ སྤྱིར་བཏང་བཙག་འཐུ་བཟུམ་སྦེ་ འདེམས་ཁོངས་ཀྱི་མི་སེར་ རྫོང་ཁག་གཞན་ཁ་ནང་ སྡོད་མི་ཚུ་གི་དོན་ལུ་ འགྲེམ་ཐོག་ལྷན་ཐབས་ལྟེ་བའི་ མཐུན་རྐྱེན་ཡོད་མེད་ཀྱི་སྐོར་ ཁ་གསལ་ཅིག་ག་ནི་ཡང་ མིན་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།

བསྟན་འཛིན་ནོར་བུ་གིས་ སླབ་མིའི་ནང་ ཀོ་བིཌ་-༡༩ ལུ་བརྟེན་ ལཱ་གཡོག་བྱང་མི་ཚུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལས་ ཐོ་བཀོད་འབད་ནིའི་ ཁ་གསལ་ཚུ་མེདཔ་ལས་ ཐོ་བཀོད་འབད་མ་ཚུགས་པར་འདུག་ཟེར་ཨིན་པས།

འགྲེམ་ཐོག་ཚོགས་རྒྱན་ཚུ་ ག་དེ་སྦེ་ དུས་ཚོད་ཁར་ ལྷོད་ཚུགསཔ་འབད་ནི་ཨིན་ན་ གདམ་ངོའི་ཡིག་ཆ་ བཙུགས་པའི་སྐབས་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་འོང་མནོ་བའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གནད་དོན་དེ་ལུ་ ལྷན་ཚོགས་ཀྱིས་ བལྟ་བའི་བསྒང་ཡོད་ཟེར་ཨིན་པས།

ལྷན་ཚོགས་ཀྱིས་ སྤྱི་སྙོམས་འཛོམས་འདུ་དེ་ རྒྱལ་ཡོངས་ཚོགས་འདུའི་ དུས་མིན་བཙག་འཐུའི་ ལམ་སྟོན་དང་སྒྲིག་གཞི་༢༠༡༨ ཅན་མ་དང་འཁྲིལ་ དམ་དམ་སྦེ་ར་ ལག་ལེན་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་པས།

སྐུལ་བསྒྲགས་དེ་ ནངས་པ་ལས་ འགོ་འདྲེན་འཐབ་ནི་ཨིནམ་ད་ སྤྱི་སྙོམས་འཛོམས་འདུ་དེ་ སྤྱི་འོག་དང་ རྫོང་ཁག་ཁྲོམ་སྡེ་ནང་ འགོ་འདྲེན་འཐབ་ནི་ཨིན་པས།

འདེམས་ཁོངས་དེ་ ལྡོག་ཕྱོགས་འགོ་ཁྲིདཔ་ དགོངས་ཞུ་འབད་བའི་ཤུལ་ལས་ ས་སྟོང་ཐོན་ཡོདཔ་ཨིན་པས།

བཙག་འཐུ་ལྷན་ཚོགས་དང་འཁྲིལཝ་ད་ ཆོས་འཁོར་-སྟང་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༦,༢༡༩ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *