ཆོས་འཁོར་-སྟང་གིས་ འབྲུག་མཉམ་རུབ་ཚོགས་པ་ གདམ་ཁ་རྐྱབ་ཡོདཔ།

འབྲུག་མཉམ་རུབ་ཚོགས་པ་གིས་ སོ་ནམ་ཞིང་ལམ་༣ རྩི་ནག་གཏང་ནི་དང་ དབང་འདུས་ཆོས་གླིང་སྨན་ཁང་ནང་ མཁས་མཆོག་༤ གཏང་ནིའི་ ཁས་བླངས་འབད་མི་ལུ་བརྟེན་ མི་ཚུ་གིས་ ཚོགས་པའི་འདེམས་ངོ་ཟླ་བ་ བཙག་འཐུ་འབད་ནི་ལུ་ མཐར་འཁྱོལ་བྱུང་ཡི།

དེ་བཟུམ་སྦེ་ མཉམ་རུབ་ཚོགས་པའི་གཙོ་འཛིན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ འདེམས་ངོའི་དོན་ལུ་ སྐུལ་བསྒྲགས་ཐེངས་༢ རྩ་འགེངས་འབད་མི་དེ་གིས་ཡང་ ལྷན་ཐབས་སྦོམ་སྦེ་ར་ འབད་ཚུགས་ནུག།

ད་ལས་ཕར་ ས་གནས་ཀྱི་མི་ཚུ་གིས་ དུར་ལུ་ ཀོ་མི་ཊར་༡༠ འབད་མི་ སོ་ནམ་ཞིང་ལམ་དང་ ཀི་ལོ་མི་ཊར་༡༨ འབད་མི་ ཆོས་འཁོར་སྟོད་ཀྱི་ལམ་ དེ་ལས་ ཀི་ལོ་མི་ཊར་༡༢ འབད་མི་ སྟངས་རྒེད་འོག་ལས་ རྟ་མགྲིན་སྒང་ཚུན་གྱི་ལམ་ རྩི་ནག་གཏང་བྱིན་པའི་ རེ་འདུན་དང་གཅིག་ཁར་ མཁས་མཆོག་༤ ལུ་ བསྒུག་སྡོད་ནི་ཨིན་པས།

ཚོགས་རྒྱན་བཙུགས་མི་ཚུ་གིས་ཡང་ ལམ་གྱི་གནས་སྟངས་ ལེགས་ཤོམ་མེདཔ་ལས་ ཚོགས་པ་གིས་ ལམ་རྩི་ནག་གཏང་ནིའི་ ཁས་བླངས་འབད་ཡོད་མི་དེ་ལུ་ ཡིད་ཆེས་བསྐྱེད་དེ་ རྒྱབ་སྐྱོར་འབད་ཡི་ཟེར་ བཤདཔ་ཨིན་པས།

སྟང་ལས་ ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ གཞུང་སྐྱོང་གི་འདེམས་ངོ་ལུ་ རྒྱབ་སྐྱོར་འབད་བ་ཅིན་ ཁས་བླངས་འགྲུབ་ཚུགས་པའི་ འོས་འབབ་ཡོད་རུང་ ལྡོག་ཕྱོགས་ཀྱི་ཐད་ཁར་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་གྱིས་ སྤྱི་ཟླ་༡ པ་དེ་ཅིག་ལས་ དབང་འདུས་ཆོགས་གླིང་སྨན་ཁང་ནང་ མོ་ནད་མཁས་མཆོག་༡ དང་ གཤག་བཅོས་མཁས་མཆོག་༡ ཨ་ལོའི་མཁས་མཆོག་༡ དེ་ལས་ སྤྱིར་གཏང་སྨན་བཅོས་མཁས་མཆོག་༡ གཏང་ནིའི་ ཁས་བླངས་འབད་ཡི།

སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་ འགོ་བཙུགས་པའི་སྐབས་ལས་ སྤྱི་ལོ་༢༠༡༨ ཚུན་ བཙག་འཐུ་ལན་ཐེངས་༣ འགོ་འདྲེན་འཐབ་པའི་སྐབས་ ཆོས་འཁོར་སྟངས་ཀྱི་ འདེམས་ཁོངས་དེ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ མཁས་དབང་པདྨ་རྒྱ་མཚོ་གིས་ རྒྱལ་ཁ་ཐོབ་ནུག།

འབྲུག་མཉམ་རུབ་ཀྱི་གཙོ་འཛིན་དང་ འདེམས་ངོ་གིས་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ ད་ཚུན་ ཆོས་འཁོར་-སྟང་གི་མི་ཚུ་གིས་ ལྕོགས་གྲུབ་ཡོད་མི་ འདེམས་ངོ་ཅིག་ གདམ་འཐུ་འབད་ཡོདཔ་ད་ ད་རེས་ དུས་མིན་བཙག་འཐུའི་སྐབས་ འདེམས་ངོ་ལྕོགས་གྲུབ་ཡོད་མི་དང་ གཞུང་སྐྱོང་ནང་ ཕྱག་ཞུ་ནི་ཨིན་མི་གདམ་འཐུ་འབད་བ་ཅིན་ ཁོང་ལུ་ཁེ་ཕན་ཡོད་ལུགས་ཚུ་ བཤད་མི་དེ་ མི་ཚུ་གིས་ ལེགས་ཤོམ་སྦེ་ ཧ་གོ་ཡོདཔ་སྦེ་ རྒྱབ་སྐྱོར་འབད་ནུག།

འདེམས་ངོ་ཟླ་བ་གིས་ ཚོགས་རྒྱན་འཕྲུལ་ཆས་ནང་ལས་ ཚོགས་རྒྱན་༢,༠༢༥ ཐོབ་ཡོདཔ་བཞིན་དུ་ འགྲེམ་ཐོག་ཚོགས་རྒྱན་༨༦༤ ཐོབ་ཅི།

འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་བསྟན་འཛིན་ནོར་བུ་གིས་ ཚོགས་རྒྱན་འཕྲུལ་ཆས་ནང་ལས་ ཚོགས་རྒྱན་༡,༧༠༧ དང་ འགྲེམ་ཐོག་ཚོགས་རྒྱན་༤༡༧ ཐོབ་ཡོདཔ་ད་ ཨཱསི་ཊེ་ལི་ཡ་ལས་ ཟླ་བ་གིས་ འགྲེམ་ཐོག་ཚོགས་རྒྱན་༡༦ དང་ བསྟན་འཛིན་ནོར་བུ་གིས་ ཚོགས་རྒྱན་༣༦ ཐོབ་ཅི།

ཚོགས་རྒྱན་ས་ཁོངས་༡༡ ཡོད་མིའི་གྲས་ལས་ ཟླ་བ་གིས་ ཚོགས་རྒྱན་ས་ཁོངས་༩ ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ དུར་དང་ མཁར་སའི་ཚོགས་རྒྱན་ས་ཁོངས་ནང་ལས་ བསྟན་འཛིན་ནོར་བུ་གིས་ རྒྱལ་ཁ་ཐོབ་ཅི།

འདེམས་ཁོངས་དེ་ནང་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་བཙུགས་མི་༦,༢༡༢ ཡོད་ས་ལས་༣,༣༡༥ གིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་༡,༢༨༡ ཡོདཔ་ཨིན་པས།

ཐིམ་ཕུག་ལས ཚོགས་རྒྱན་བཙུགས་པར་ འོང་མི་ཅིག་གིས་ སླབ་མིའི་ནང་ ཁོང་སྡོད་ས་ ཐིམ་ཕུག་ལུ་ཨིན་རུང་ གཡུས་མི་ཚུ་གི་དོན་ལུ་ འཁོར་ལམ་དང་ རྫོང་ཁག་ནང་ སྨན་ཁང་གི་ཞབས་ཏོག་ ལེགས་ཤོམ་དགོཔ་ཁག་ཆེཝ་ལས་ ཚོགས་རྒྱན་བཙུགས་པར་ འོང་ཡི་ཟེར་ཨིན་པས།

བསྟན་འཛིན་ནོར་བུ་གིས་ སླབ་མིའི་ནང་ ཁས་བླངས་གསལ་བསྒྲགས་འབད་མི་དེ་གིས་ ཁྱད་ཕར་བཟོ་ནུག་ཟེར་ཨིནམ་ད་ མཉམ་རུབ་ཚོགས་པའི་གཙོ་འཛིན་གྱིས་ ཁས་བླངས་འབད་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་ཚུ་གི་ སེམས་འགྱུར་བཅུག་ནི་ལུ་ ལྷན་ཐབས་འབད་ནུག་ཟེར་ཨིན་པས།

ཟླ་བ་གིས་ སྐུལ་བསྒྲགས་འགོ་བཙུགས་ཞིནམ་ལས་ ད་ཚུན་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཀྱི་བར་ན་ ཁྱད་པར་ཡོད་མི་དང་ དེ་ནང་ལས་ མི་ཚུ་ལུ་ ཁེ་ཕན་ཡོད་ལུགས་བཤད་མི་དེ་ལུ་ མི་ཚུ་གིས་ཡང་ ཧ་གོ་སྟེ་ ཁོ་གདམ་ཁ་རྐྱབ་ཡོདཔ་ལས་ ཁས་བླངས་ཚུ་ འགྲུབ་ཚུགསཔ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། བུམ་ཐང་།

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *