ཆོས་འཁོར་-སྟང་གི་ དུས་མིན་བཙག་འཐུ་ སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ འགོ་འདྲེན་འཐབ་ནི།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཁ་ཙ་ བུམ་ཐང་རྫོང་ཁག་ ཆོས་འཁོར་-སྟང་འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མིའི་དུས་མིན་བཙག་འཐུ་དེ་ སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ འགོ་འདྲེན་འཐབ་ནི་སྦེ་ གསལ་བསྒྲགས་འབད་ནུག།

ཁྱད་ཚད་ལྡན་པའི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ད་རིས་ལས་ ཐོ་བཀོད་འབད་ནི་ འགོ་བཙུགས་དགོཔ་བཞིན་དུ་ བསྐུལ་བསྒྲགས་དེ་ སྤྱི་ཟླ་༡༠ པའི་ཚེས་༢༤ ལས་ འགོ་བཙུགས་ནི་ཨིན་པས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ནད་ཡམས་ཀོ་བིཌ་-༡༩ གི་ གནས་སྟངས་ཡོད་རུང་ བསྐུལ་བསྒྲགས་ཀྱི་ ལས་སྣ་ཚུ་ བཀག་ཆ་མ་འབད་བར་ཡོདཔ་ཨིན་པས།

བཙག་འཐུའི་འགོ་དཔོན་ཅིག་གིས་ རྫོང་ཁག་ནང་ ཀོ་བིཌ་-༡༩ དེ་ མི་སྡེའི་ནང་ དར་ཁྱབ་མེདཔ་ལས་ དུས་མིན་བཙག་འཐུ་འབད་ནི་གི་ འོས་འབབ་ཡོད་པའི་ཁར་ འདེམས་ཁོངས་དེ་ ཆུང་ཀུ་ཅིག་ར་ཨིན་ཟེར་ སླབ་ཨིན་པས།

ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་འདུའི་ སྤྱི་སྙོམས་འཛོམས་འདུ་དེ་ བཙག་འཐུའི་སྒྲིག་གཞི་དང་ ལམ་སྟོན་དང་འཁྲིལ་ དམ་དམ་སྦེ་ འགོ་འདྲེན་འཐབ་འོང་ཟེར་ཨིནམ་ད་ སྤྱི་སྙོམས་འཛོམས་འདུ་དེ་ སྤྱི་འོག་དང་ རྫོང་ཁག་ཁྲོམ་སྡེ་ནང་ འགོ་འདྲེན་འཐབ་ནི་ཨིན་པས།

ཁྱིམ་སྒོ་བཤལ་གྱི་ བཙག་འཐུའི་བསྐུལ་བསྒྲགས་དེ་ དྲོ་པའི་ཆུ་ཚོད་༦ གི་ སྔ་གོང་དང་ ཕྱི་རུའི་ཆུ་ཚོད་༦ གི་ཤུལ་ལས་འབད་མི་ཆོག་ནི་ཨིན་པས།

བཙག་འཐུ་དང་འབྲེལ་བ་ཡོད་མི་ ཆ་མཉམ་གྱིས་ བཙག་འཐུ་ ཡང་ཅིན་ བསྐུལ་བསྒྲགས་ཀྱི་དོན་ལུ་ མི་སྡེ་བརྡ་བརྒྱུད་ ལག་ལེན་འཐབ་ཆོག་ནི་ཨིན་རུང་ བཙག་འཐུ་ཁྲིམས་ལུགས་དང་ བཙག་འཐུའི་ཀུན་སྤྱོད་རྣམ་གཞག་ ལྷག་པར་དུ་ འབྲུག་གི་མི་སྡེ་བརྡ་བརྒྱུད་བཅའ་ཡིག་དང་འཁྲིལ་ ལག་ལེན་འཐབ་དགོཔ་ཨིན་པས།

འདེམས་ངོ་ཚུ་གིས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ བཙག་འཐུའི་བསྐུལ་བསྒྲགས་ནང་ འོང་བཅུག་ནིའི་དོན་ལས་ བཟའ་འཐུང་གི་རིགས་བྱིན་ནི་ ཡང་ཅིན་ རིན་སྤྲོད་ནི་ ཁྱོསམ་བྱིན་ནི་ ཁེན་འཇར་དང་ ཞྭམོ་ཚུ་བགོ་བཀྲམ་འབད་ནི་ཚུ་ འབད་མི་ཆོག་ནི་ཨིན་པས།

གསལ་བསྒྲགས་དང་འཁྲིལཝ་ད་ མི་ངོ་ག་གིས་ཡང་ ཚོགས་རྒྱན་ཉིནམ་ལུ་ ཚོགས་རྒྱན་ས་ཁོངས་ མཐའ་སྐོར་ལུ་ གནང་བ་ཡོད་མི་ཚུ་མ་གཏོགས་ སྒྲ་སྐད་/པར་ཆས་/གློག་བརྙན་བཟུང་ནི་གི་ འཕྲུལ་ཆ་ཚུ་ འབག་འགྱོ་མི་ཆོག་ནི་ཨིན་པས།

གནང་བ་ཡོད་པའི་ བརྡ་བརྒྱུད་ལས་སྡེ་དང་ གནས་ཚུལ་བསྡུ་ལེན་པ་ཚུ་ ཚོགས་རྒྱན་ས་ཁོངས་ནང་ འགྱོ་ཆོག་ནི་ཨིན་རུང་ ཚོགས་རྒྱན་བཙུགས་མི་ཅིག་ ཚོགས་རྒྱན་ཁང་མིག་ནང་ ཡོད་པའི་སྐབས་ འགྱོ་མི་ཆོག་ནི་དང་ སྐར་མ་དག་པ་ཅིག་ལས་ ཚོགས་རྒྱན་ས་ཁོངས་ལས་ འགྱོ་བཅུག་དགོ་ཟེར་བཀོད་ནུག།

འདེམས་ཁོངས་དེ་ ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ་གིས་ སྤྱི་ཟླ་༩ པའི་ཚེས་༧ ལས་ གཞུང་འབྲེལ་ཐོག་ དགོངས་ཞུ་འབད་བའི་ཤུལ་ལས་ ས་སྟོང་ཐོན་ཡོདཔ་ཨིན་པས།

དུས་མིན་བཙག་འཐུ་གི་དོན་ལུ་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་དེ་ སྤྱི་ལོ་༢༠༡༨ གི་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ ཟླ་བ་ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་དེ་ བསྟན་འཛིན་ནོར་བུ་ཨིན་པས།

སྤྱི་ལོ་༢༠༡༣ ལུ་ པདྨ་དགའ་ཚལ་ན་ནོང་-ཤུ་མར་འདེམས་ཁོངས་ནང་ དུས་མིན་བཙག་འཐུ་སྐབས་ ལྡོག་ཕྱོགས་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོད་རུང་ སྤྱི་ལོ་༢༠༡༦ ལུ་ བྱང་ཐིམ་ཕུག་འདེམས་ཁོངས་ནང་ དུས་མིན་བཙག་འཐུ་འབད་བའི་སྐབས་ ཕམ་སོ་ནུག།

གསལ་བསྒྲགས་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༠ ཟླ་༡༠ པའི་ཚེས་༡ ལུ་ སྐྱེས་ལོ་༡༨ ལང་མི་ཆ་མཉམ་ར་ ཚོགས་རྒྱན་བཙུགས་མི་ཅིག་ཨིན་པའི་ དགོས་མཁོའི་ལོ་ཚད་ཉུང་ཤོས་ཀྱི་ འོས་འབབ་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱིས་ བཙག་འཐུའི་དུས་ཡུན་སྐབས་ འདེམས་ཁོངས་ནང་ སྤྱི་ཚོགས་ཀྱི་འཐུས་མི་ ཡང་ཅིན་ སྲིད་དོན་ཚོགས་པའི་ ལས་བྱེདཔ་ཚུ་གིས་ འགྲུལ་སྐྱོད་འཐབ་ནི་ མི་མང་སྤུང་འཛོམས་འབད་ནི་ ཡང་ཅིན་ གཞུང་འབྲེལ་བལྟ་སྐོར་ཚུ་ འབད་མི་ཆོག་ཟེར་ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *