དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མི་ཚུ་ ཐོ་བཀོད་འབད་བའི་བསྒང་།

ཆོས་འཁོར་དང་ སྟངས་རྒེད་འོག་ལས་ དབྱར་རྩྭ་དགུན་འབུབ་འཐུ་མིའི་གྱངས་ཁ་ མར་བབས་སོང་ཡོདཔ།

༉ འདས་པའི་ལོ་ཚུ་དང་ཕྱདཔ་ད་ དུས་ཅི་ བུམ་ཐང་སྟངས་དང་ ཆོས་འཁོར་རྒེད་འོག་༢ ནང་ལས་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མིའི་ གྱངས་ཁ་དེ་ མར་བབས་སོང་ཡོདཔ་ཨིན་པས།
ཆོས་འཁོར་རྒེད་འོག་ལས་ ལོ་བསྟར་བཞིན་དུ་ མི་༨༥༠ དེ་ཅིག་གིས་ དབྱར་རྩྭ་དགུན་འབུབ་འཐུ་བར་ འགྱོཝ་ཨིན་རུང་ དུས་ཅི་ མི་༧༣༠ ལས་མེད་པའི་ཁར་ སྟངས་རྒེད་འོག་ནང་ལས་ མི་ཕུད་རྡོག་༤ མ་གཏོགས་མེདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༡༨ ལུ་ ཆོས་འཁོར་རྒེད་འོག་གིས་ ཆོག་ཐམ་སྤྲོད་པའི་ཤུལ་ལུ་ ནངས་པ་ར་ མི་༦༠༠ ལྷགཔ་ཅིག་གིས་ འབུབ་འཐུ་བར་ སོང་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ འབུབ་འཐུ་བར་འགྱོ་མི་ཚུ་གིས་ རྒེད་འོག་ལས་ ཆོག་ཐམ་ལེན་ཏེ་ འགྱོ་དོ་ཡོད་རུང་ དུས་ཅི་ ནད་ཡམས་ཀྱི་ གནས་སྟངས་ལུ་བརྟེན་ ས་གནས་ཁག་ སྟངས་དང་ དུར་ལུ་ཡོད་མི་ འཛུལ་སྒོ་ཚུ་ནང་ ཐོ་བཀོད་འབད་ཞིནམ་ལས་ བཏང་ཡོདཔ་ཨིན་པས།
ནད་ཡམས་ཀོ་བིཌ་-༡༩ དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་ལུ་ འབུབ་འཐུ་མི་ཚུ་ ལོག་འོང་པའི་སྐབས་ ངེས་པར་དུ་ ཚ་རིམས་ནད་ཀྱི་ བརྟག་དཔྱད་འབད་དགོཔ་ད་ རྟགས་མཚན་རེ་འཐོན་པ་ཅིན་ ཟུར་བཞག་ལྟེ་བ་ཚུ་ནང་ བཞག་ནི་ཨིན་པས།
བུམ་ཐང་རྫོང་བདག་ པ་སངས་རྡོ་རྗེ་གིས་ སླབ་མིའི་ན་ དབྱར་རྩྭ་དགུན་འབུབ་འཐུ་བར་ མ་སོང་པའི་ཧེ་མར་ མི་ཚུ་ལུ་ ནད་ཡམས་ལས་ ཉེན་སྲུང་འབད་ནིའི་དོན་ལུ་ འབུབ་འཐུ་སར་ལྷོདཔ་ད་ བོད་མི་ཚུ་དང་གཅིག་ཁར་ འབྲེལ་བ་མ་འཐབ་པར་ སྡོད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཁྲིམས་འགལ་ཐོག་ལས་ འབུབ་འཐུ་བར་འགྱོ་མི་དང་ ཆོག་ཐམ་ཡོད་མི་ཚུ་ ལྟ་རྟོག་འབད་ནིའི་དོན་ལུ་ ངོས་འཛིན་འབད་ཡོད་པའི་ ས་གནས་ཁག་ཚུ་ནང་ འཛུལ་སྒོ་བཟོ་ཡོདཔ་ད་ འབུབ་འཐུ་མི་ཚུ་ ལོག་མ་ལྷོད་ཚུན་ དུས་ཡུན་ཆུ་ཚོད་༢༤ གི་རིང་ ལྟ་རྟོག་འབད་ནི་ཨིན་པས།
ཧེ་མ་འབད་བ་ཅིན་ བཟའ་ཚང་ནང་ལས་ མི་ཅིག་གིས་ ཆོག་ཐམ་ལེན་ཏེ་ ཤུལ་ལས་ འགྱོ་མ་ཚུགས་མི་རེ་ཡོད་པ་ཅིན་ ཆོག་ཐམ་དེ་ གཞན་ལུ་ བཙོང་པའི་ལོ་རྒྱུ་ ཡོདཔ་ཨིན་རུང་ དུས་ཅི་ལས་ ཆོག་ཐམ་ལེན་པར་ མི་ངོ་རྐྱང་སྦེ་ འོང་དགོ་ཟེར་ཨིན་པས།
ཆོས་འཁོར་རྒཔོ་ པདྨ་དོན་རྒྱལ་གྱིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ ཆོག་ཐམ་ཚུ་ རྒེད་འོག་ཡིག་ཚང་ནང་ལས་ བྱིནམ་ཨིན་རུང་ དུས་ཅི་ ངོས་འཛིན་འབད་མི་ གཡུས་ཚན་བཞི་ནང་ལས་ སྤྲོད་ཅི་ཟེར་ཨིན་པས།
ཁྲིམས་འགལ་ཐོག་ འབུབ་འཐུ་མི་ ཚད་འཛིན་འབད་ནི་དང་ སློབ་ཕྲུག་དང་ འབུབ་འཐུ་མ་ཆོག་མི་ཚུ་ ངོས་འཛིན་འབད་ཐབས་ལུ་ གོ་བ་བརྡ་སྤྲོད་སྐབས་ བཅའ་མར་གཏོགས་མི་ཚུ་ལུ་ ལག་ཁྱེར་བྱིན་མི་དང་ འབུབ་འཐུ་ནིའི་ ཤོག་བྱང་༢ གསལ་སྟོན་འབད་ཞིནམ་ལས་ ཆོག་ཐམ་སྤྲོད་ཡོདཔ་ཨིན་པས།
སྟངས་རྒེད་འོག་ནང་ལས་ ལོ་བསྟར་བཞིན་དུ་ མི་༡༠༠ ལྷགཔ་རེ་གིས་ འབུབ་འཐུ་ནིའི་དོན་ལུ་ ཆོག་ཐམ་ལེན་དོ་ཡོད་རུང་ དུས་ཅི་ མི་༤ ལས་ མེདཔ་ཨིན་པས།
སྟངས་རྒཔོ་ ཨོ་རྒྱན་་ཉི་མ་གིས་ འབད་བ་ཅིན་ ནད་ཡམས་ཀོ་བིཌ་-༡༩ ཐོན་ནི་དང་ འབུབ་ཀྱི་ཐོན་ཤུགས་ ལོ་༤ ནང་ ཚར་རེ་ མ་གཏོགས་མེད་མི་ལུ་བརྟེན་ དུས་ཅི་ ཐོན་ཤུགས་ཀྱི་ དུས་ཚོད་མེན་ཟེར་སླབ་སྟེ་ མི་མར་བབས་སོང་ནུག་ཟེར་ཨིན་པས།
གནད་དོན་གཞན་ཡང་ རྒེད་འོག་གི་ འབུབ་འཐུ་སའི་ ས་གནས་ཅིག་དེ་ པ་སངས་ལུངམ་ཟེར་ས་ཨིནམ་ལས་ དེ་ཁར་ བོད་མི་ཚུ་འོང་ནི་དེ་གིས་ བོད་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ལས་ འཛེམས་དགོཔ་སྦེ་ སླབ་ནི་དེ་གིས་ ཨིནམ་འོང་ཟེར་ཨིན་པས།
དུས་ཅི་ ལྟ་རྟོག་དམ་དམ་འབད་ནིའི་དོན་ལུ་ ས་གནས་ནང་ ནགས་ཚལ་ལས་བྱེདཔ་གི་ གྱངས་ཁ་ཡང་ ལོག་ལྟབ་ཀྱིས་ ཡར་སེང་འབད་ཡོདཔ་ཨིན་པས།
དེ་ཡང་ ལོ་བསྟར་བཞིན་དུ་ ནགས་ཚལ་ལས་བྱེདཔ་༣༥ དེ་རེ་ བཏང་དོ་ཡོན་རུང་ དུས་ཅི་ ལས་བྱེདཔ་༨༠ ལྷགཔ་ཅིག་བཏང་ཡོདཔ་བཞིན་དུ་ ཁོང་གིས་ དབང་འདུས་དང་ བུམ་ཐང་རྫོང་ཁག་༢ ཀྱི་ འབུབ་འཐུ་སའི་ ས་ཁོངས་ནང་ ལྟ་རྟོག་འབད་ནི་ཨིན་པས།
ཆུ་མིག་རྒེད་འོག་གི་ དབྱར་རྩྭ་དགུན་འབུབ་ འཐུ་མི་ཚུ་ལུ་ཆོག་ཐམ་དེ་ སྤྱི་ཟླ་༥ པའི་ ཚེས་༢༥ ལུ་ བྱིན་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *