ཆོས་ཚན་༣ གྱི་ སློབ་སྟོན་དང་ ལྷབ་སྦྱང་ནང་ གཙོ་བོར་བཏོན་དགོ་པའི་གྲོས་འདེབས།

༉ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ རྩིས་དང་ རྫོང་ཁ་ དེ་ལས་ ཨིང་སྐད་ཆོས་ཚན་༣ སློབ་སྟོན་འབད་བའི་སྐབས་ སློབ་སྟོན་དང་ ལྷབ་སྦྱང་བྱ་རིམ་ནང་ གཙོ་བོར་བཏོན་དགོཔ་འདུག་ཟེར་བཀོད་ནུག།
དེ་ཡང་ སློབ་རིམ་༦ པའི་ སྤྱི་ལོ་༢༠༡༨ ཀྱི་ ཆོས་རྒྱུགས་དང་ འཇོན་ཐངས་ཅན་ལུ་ གཞི་བཞག་གི་ བརྟག་ཞིབ་སྙན་ཞུ་ སྤྱི་ལོ་༢༠༡༩ ཅན་མའི་ནང་ བཀོད་དེ་ཡོདཔ་ད་ བརྟག་ཞིབ་དེ་གིས་ སློབ་ཕྲུག་ཚུ་གི་ ལྷབ་སྦྱང་དང་ ཆོས་ཚན་ནང་འཁོད་ཀྱི་ ཤེས་ཡོན་གྲུབ་འབྲས་ཚུ་ ཤེས་ཚུགས་ནི་ཨིན་པས།
སྤྱིར་བཏང་སློབ་རིམ་༦ པའི་ སློབ་ཕྲུག་ཚུ་གིས་ ཚན་རིག་ཆོས་ཚན་ནང་ གྲུབ་འབྲས་ལེགས་ཐོན་དང་ དེ་གི་འོག་ལས་ རྫོང་ཁ་དང་ མི་སྡེ་ཤེས་ཡོན་གྱི་ ཆོས་ཚན་ནང་ཡོདཔ་ཨིན་པས།
བརྟག་ཞིབ་འབད་བའི་སྐབས་ སློབ་ཕྲུག་བུཚ་དང་ཕྱདཔ་ད་ བུམོ་ཚུ་གིས་ རྩིས་མ་གཏོག་ ཆོས་ཚན་གཞན་ག་རའི་ནང་ གྲུབ་འབྲས་ལེགས་ཤོམ་ཐོན་ཏེ་ཡོདཔ་བཞིན་དུ་ གཞུང་དང་ སྒེར་གྱི་སློབ་གྲྭ་དང་ཕྱདཔ་ད་ སྒེར་གྱི་སློབ་ཕྲུག་ཚུ་གིས་ ཆོས་རྒྱུགས་ལེགས་ཤོམ་ རྐྱབ་སྟེ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ནུག།
སློབ་སྟོན་དང་ ལྷབ་སྦྱང་ལག་ལེན་གྱི་ ལྷན་ཐབས་ལུ་ སློབ་གྲྭ་ཚུ་གིས་ མཉམ་འབྲེལ་འབད་དེ་ ཁྱད་རིག་ཅན་གྱི་ མཁས་མཆོག་ཚུ་ བརྗེ་སོར་འབད་ནི་ཚུ་ ཡར་དྲག་གཏང་དགོ་པའི་ གྲོས་འདེབས་འབད་ནུག།
རྫོང་ཁ་དང་ ཨིང་སྐད་ཆོས་ཚན་གྱི་ ཆོས་རྒྱུགས་དང་ འཇོན་ཐངས་ལུ་ གཞི་བཞག་གི་ བརྟག་ཞིབ་དེ་ཡང་ འབྲི་ནི་དང་ བརྡ་གཞུང་ དེ་ལས་ ལྷབ་ནི་ཚུ་ནང་ འབད་ཡོད་པའི་ཁར་ རྩིས་ཀྱི་ཆོས་ཚན་ ཨང་གྲངས་དང་འབྲེལ་བ་ དཔེ་བཀོད་དང་ལག་ལེན་ དེ་ལས་ གནས་སྡུས་དང་འབྱུང་འགྱུར་ འཇལ་ཚད་དང་ རྩིས་རིགས་ཐོག་ལུ་ འབད་ཡོདཔ་ཨིན་པས།
སློབ་དཔོན་ཚུ་ལུ་ རང་སོའི་ཆོས་ཚན་གྱི་ ཡོན་ཏན་དང་ སློབ་སྟོན་ཐབས་ཤེས་ལྷན་ཐབས་ལུ་ ཁྱད་རིག་གོང་འཕེལ་གཏང་ནི་དང་ སློབ་གྲྭ་ཚུ་གིས་ རྫོང་ཁ་དང་ ཨིང་སྐད་ལྷབ་ནིའི་ སྲོལ་བཙུགས་དགོཔ་བཞིན་དུ་ སློབ་དཔོན་ཚུ་གི་ ལྷབ་ནི་ལུ་ ཐབས་ཤེས་སྒྲིང་སྒྲི་བཟོ་དགོཔ་ད་ སློབ་ཕྲུག་ཚུ་ལུ་ ལྷབ་ནི་དང་ ཡོངས་རྫོགས་རིག་རྩལ་ལྷན་ཐབས་ལུ་ རྩོམ་རིག་ལས་སྣ་དང་ ལྷབ་སྦྱང་འབད་ནི་ མཁོ་ཆས་ཚུ་ བྱིན་དགོ་པའི་ གྲོས་འདེབས་བཀོད་ནུག།
དེ་མ་ཚད་ སློབ་སྟོན་དང་ ལྷབ་སྦྱང་བྱ་རིམ་ནང་ དགོས་མཁོ་ཅན་གྱི་ ཐབས་ཤེས་ལག་ལེན་ཐོག་ལས་ སློབ་གྲྭ་ཚུ་གིས་ ཕོ་མོའི་སློབ་སྦྱང་འབད་ནི་ ཁྱད་པར་ཚུ་ འབྲེལ་མཐུན་བཟོ་དགོ་པའི་ཁར་ ཚོགས་སྡེ་གིས་བྱིན་མི་ སྐུགས་བྱིན་ནི་ ལམ་ལུགས་དང་ དྲི་བའི་ལན་གྱི་ དཔེ་སྟོན་ཚུ་ སློབ་གྲྭ་ཚུ་གིས་ ལེགས་ཤོམ་སྦེ་ ལག་ལེན་དང་ ངོས་ལེན་དྲི་བ་ཚུ་གི་ལན་ཚུ་ གནས་ཚད་ཅན་སྦེ་ བཟོ་དགོ་པའི་ གྲོས་འདེབས་བཀོད་ནུག།
རྒྱལ་ཁབ་ནང་འཁོད་ལས་ བཀྲིས་གཡང་རྩེ་རྫོང་ཁག་གི་ སློབ་ཕྲུག་ཚུ་གིས་ རྫོང་ཁ་ཆོས་ཚན་ གྲུབ་འབྲས་ལེགས་ཤོམ་ཐོན་ཏེ་ཡོད་པའི་ཤུལ་ལས་ བཀྲིས་སྒང་དང་ དགེ་ལེགས་ཕུག་ཁྲོམ་སྡེའི་ སློབ་ཕྲུག་ཚུ་ཡོདཔ་ཨིན་པས།
དེ་ལས་ ཨིང་སྐད་ཆོས་ཚན་ནང་ ཐིམ་ཕུག་ཁྲོམ་སྡེའི་ ཨ་ལོ་ཚུ་ ལེགས་ཤོམ་ཡོདཔ་ད་ དེ་གི་འོག་ལས་ ཧཱ་རྫོང་ཁག་ཡོདཔ་བཞིན་དུ་ གསར་སྤང་རྫོང་ཁག་གི་ སློབ་ཕྲུག་ཚུ་གིས་ ཨིང་སྐད་ཆོས་ཚན་ནང་ ལེགས་ཤོམ་མེདཔ་ཨིན་པས།
དགེ་ལེགས་ཕུག་ཁྲོམ་སྡེའི་ སློབ་ཕྲུག་ཚུ་གིས་ རྩིས་ཀྱི་ཆོས་ཚན་ནང་ གྲུབ་འབྲས་ལེགས་ཤོམ་ ཐོན་ཏེ་ཡོདཔ་ད་ དེ་གི་འོག་ལས་ ཐིམ་ཕུག་ཁྲོམ་སྡེའི་ ཨ་ལོ་ཚུ་ཨིནམ་ད་ ཆུ་ཁ་རྫོང་ཁག་གི་ སློབ་ཕྲུག་ཚུ་གིས་ རྩིས་ཆོས་ཚན་ནང་ ལས་དོན་འགྲུབ་འབྲས་ ལེགས་ལྡན་ཅིག་ ཐོན་མ་ཚུགས་པས་ཟེར་ བརྟག་ཞིབ་སྙན་ཞུ་ནང་བཀོད་ནུག།
སྙན་ཞུ་དང་འཁྲིལཝ་ད་ མཐའ་ཟུར་སློབ་གྲྭའི་ སློབ་ཕྲུག་ཚུ་ རྫོང་ཁ་ཆོས་ཚན་ནང་ ལེགས་ཤོམ་ཡོདཔ་ད་ ཡན་ལག་ཁྲོམ་སྡེའི་ ཨ་ལོ་ཚུ་གིས་ རྫོང་ཁ་ཆོས་ཚན་ནང་ གྲུབ་འབྲས་ལེགས་ཤོམ་ཅིག་ ཐོན་མ་ཚུགས་པས་ཟེར་བཀོད་ནུག།
ཚན་རིག་གི་ ཆོས་ཚན་ནང་ དཀའ་སྡུག་ཅན་གྱི་ ས་ཁོངས་ནང་གི་ སློབ་ཕྲུག་ཚུ་གིས་ གྲུབ་འབྲས་ལེགས་ལྡན་ཐོན་ཏེ་ཡོདཔ་ད་ ཡན་ལག་ཁྲོམ་སྡེའི་ ས་ཁོངས་ནང་སྡོད་མི་ སློབ་ཕྲུག་ཚུ་གིས་ ཆོས་ཚན་དེ་ནང་ ལེགས་ཤོས་ཅིག་ འབད་མ་ཚུགས་པས་ཟེར་ སྙན་ཞུ་ནང་ བཀོད་ཡོད་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *