ཆེ་མཐོ་ཁྲིམས་འདུན་གྱིས་ སའི་ཇོ་བདག་༤ གི་མཐོ་གཏུགས་ ཕྱིར་འབུད་བཏང་ཡོདཔ།

༉ ཐིམ་ཁྲོམ་དང་འབྲེལ་བའི་ སའི་རྩོད་ཉོགས་ཀྱི་གནད་དོན་ཐོག་ རྫོང་ཁག་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་མི་ལུ་ རྩོད་རྩ་སའི་ཇོ་བདག་ཚུ་གིས་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་མི་དེ་ ཁ་ཙ་ ཐིམ་ཕུག་ཆེ་མཐོ་ཁྲིམས་འདུན་གྱིས་ ཕྱིར་འབུད་བཏང་ནུག།
དེ་ཡང་ ཧེ་ཇོ་ལུ་ ས་ཆ་ཨེ་ཀར་༣༡ ལྷགཔ་ཅིག་ཡོད་མི་དེ་ སའི་ཇོ་བདག་༤ གི་ཨིན་རུང་ ཁྲོམ་སྡེ་གོང་འཕེལ་གྱི་ འཆར་གཞི་ཨམ་ནང་ཚུད་ཡོདཔ་ལས་ ཁྲིམས་ལུགས་དང་འཁྲིལ་ གཞུང་བཞེས་འབད་མི་ལུ་ ཇོ་བདག་ཚུ་ལུ་ ཁེ་རྒུད་མ་བཏུབ་ལས་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
རྩོད་རྩ་ཚུ་གིས་འབད་བ་ཅིན་ ཁྲོམ་སྡེའི་འཆར་གཞི་ཨམ་ནང་ ཇོ་བདག་ཚུ་གི་ མིང་ཐོ་བཀོད་དེ་མེད་པའི་ཁར་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་རུང་ འབྲུག་པའི་མི་སེར་ཅིག་ལུ་ རྒྱུ་དངོས་བདག་ བཟུང་གི་ ཐོབ་དབང་ཡོདཔ་མ་ཚད་ གལ་སྲིད་ ཐོབ་དབང་ཡོད་པའི་ས་ཆ་དེ་ མི་དམངས་ཀྱི་དོན་ལུ་ཨིན་རུང་ འོས་འབབ་དང་འཁྲིལ་ ས་རིན་སྤྲོད་དགོཔ་ཨིན་ཟེར་ ཨིན་པས།
ལྷག་པར་དུ་ ཐོབ་དབང་ཡོད་པའི་ས་ཆ་དེ་ གཞུང་བཞེས་འབད་ཆོགཔ་སྦེ་ ཐོག་མའི་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་མི་དེ་ ཁྲིམས་འགལ་ཨིན་མས་ཟེར་ ཞུ་ནུག།
ཨིན་རུང་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ མི་ངོ་ཅིག་ལུ་ ཐོབ་དབང་ཡོད་པའི་ས་ཆ་དེ་ མི་དམངས་དང་ གཞུང་གི་དོན་ལུ་ དགོས་མཁོ་འཐོན་པ་ཅིན་ གཞུང་བཞེས་འབད་ཆོགཔ་སྦེ་ ཁྲིམས་ལུགས་ནང་ཡོདཔ་བཞིན་དུ་ གཞུང་བཞེས་འབད་མི་ས་ཆ་དེ་ ཕྱི་འགྲེལ་དོན་གཅོད་ཀྱི་ གྲོང་ཡུལ་སྦེ་ སྤྲོད་ནིའི་དོན་ལུ་ཨིནམ་མ་ཚད་ རྒྱལ་ཁབ་རང་བཙན་དང་ བདེ་སྲུང་གི་མཐའ་དོན་ལུ་ ཕྱིའི་རྒྱལ་ཁབ་ཚུ་དང་ མཛའ་བཤེས་ཀྱི་དོན་ལུ་ཨིནམ་ལས་ འགལ་བ་མིན་འདུག་ཟེར་ ཨིན་པས།
དེ་བཟུམ་སྦེ་ ཐིམ་ཁྲོམ་གྱི་དོན་ལུ་ རྩ་བོ་ཚུ་གི་ ས་ཆ་རྐྱངམ་གཅིག་ གཞུང་བཞེས་འབདཝ་མེན་པར་ མི་གཞན་གྱི་ཡང་ གཞུང་བཞེས་འབད་ནུག་ཟེར་ ཨིན་པས།
མཐོ་གཏུགས་པ་ཚུ་གིས་ གནད་དོན་༢ པ་དེ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལཝ་ད་ མི་གཅིག་ལས་ མི་དམངས་ཀྱི་དགོས་དོན་དང་ དྲང་འོས་ཀྱི་རྒུད་འཐུས་སྤྲོད་དེ་ གཞུང་བཞེས་འབད་ནི་མ་གཏོགས་ བསྡུ་ལེན་ ཡང་ཅིན་ དགོས་མཁོ་བཀོད་དེ་ རྒྱུ་དངོས་ལས་ འབྲལ་ཐབས་བསྒྲིག་ནི་མེད་ཟེར་ འཁོད་དེ་འདུག་ཟེར་ ཞུ་ནུག།
དེ་ཡང་ ས་ཆ་དེ་ ཁྲོམ་གྱི་གོང་ཚད་དང་འཁྲིལ་ སྤྲོད་ཞིནམ་ལས་ གཞུང་བཞེས་འབད་ནི་མ་གཏོགས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་ ཁྲོམ་སྡེའི་ལམ་ལུགས་དང་འཁྲིལ་ ས་རིན་སྤྲོད་མི་དེ་ ཁེ་རྒུད་མ་བཏུབ་སྦེ་ ཞུཝ་མ་ཚད་ ད་ལྟོ་ཚུན་ ས་ཆ་དེ་ཁར་ གོང་འཕེལ་གྱི་ལས་སྣ་ བཟོ་སྐྲུན་འབད་མ་བཅུག་པར་ བཞག་མི་ལུ་བརྟེན་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ རྒུད་ཕོག་ཡོད་མི་དེ་ སོར་ཆུད་འབད་དགོཔ་སྦེ་ ཞུ་ནུག།
དེ་ལུ་ ཆེ་མཐོ་ཁྲིམས་འདུན་ལས་ གལ་སྲིད་ ཁྲོམ་གྱི་ས་ཆ་ནང་ཨིན་པ་ཅིན་ ས་རིན་སྤྲོད་ནི་ལུ་ མ་བཏུབ་མིན་ འདུག་ཟེར་ཨིནམ་ད་ ད་ལྟོའི་གནས་སྟངས་ནང་ མི་གཞན་གྱི་ས་རིན་ཚུ་ཡང་ སའི་བཅའ་ཁྲིམས་དང་འཁྲིལ་ ས་རིན་སྤྲོད་ནུག་ཟེར་ཨིན་པས།
དེ་མ་ཚད་ ས་རིན་དེ་ཡང་ གཞུང་གིས་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ སའི་གོང་ཚད་ཀྱི་ གནས་གོང་བཏོན་མི་ དང་འཁྲིལ་ སའི་ཇོ་བདག་ཚུ་དང་མཉམ་ གྲོས་བསྟུན་འབད་དེ་ སྤྲོད་ཡོད་མི་ལུ་བརྟེན་ མཐོ་གཏུགས་འབད་མི་དེ་ ངོས་ལེན་མཛད་ཐབས་མིན་འདུག་ཟེར་ བཀོད་ནུག།
དེ་འབདཝ་ལས་ སྤྱི་ལོ་༢༠༡༨ ཟླ་༡༢ པའི་ཚེས་༢༨ ལུ་ ཐོག་མའི་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དེ་ རང་འཇགས་བཞག་ནི་དང་ གལ་སྲིད་ བཀའ་རྒྱ་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ ཉིནམ་༡༠ ནང་འཁོད་ལུ་ མཐོ་གཏུགས་འབད་ཆོག་ཟེར་ ཨིན་པས།
སའི་ཇོ་བདག་༦༠ ལྷགཔ་ཅིག་གིས་ ས་ཆ་ཚུ་ ཐིམ་ཁྲོམ་གྱིས་ གཞུང་བཞེས་འབད་ཡོད་རུང་ ས་ཆའི་རྒུད་ འཐུས་ཚུ་ མ་སྤྲོད་པར་ཡོདཔ་ལས་ སྤྱི་ལོ་༢༠༡༦ ལུ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཞུ་གཏུགས་འབད་ཡོདཔ་ ཨིན་པས།
ཧེ་ཇོ་ལུ་ཡོད་པའི་ སྒེར་སྡེ་དང་ གྲྭ་ཚང་གི་ བདག་དབང་ལུ་ཡོད་མི་ ས་ཆ་ཨེ་ཀར་༢༣ དེ་ཅིག་ ལོ་༡༠ གྱི་ རིང་ བཟོ་སྐྲུན་གོང་འཕེལ་གྱི་ ལས་སྣ་ཚུ་འབད་མ་བཅུག་པར་ བཀག་འཛིན་འབད་མི་དེ་ ཕྱི་འབྲེལ་དོན་གཅོད་ཀྱི་དོན་ལུ་ བཞག་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *