ཆུའི་དཀའ་ངལ་སེལ་ཐབས་ལུ་ རང་དབང་ཅན་གྱི་ ལས་སྡེ་ཅིག་ གཞི་བཙུགས་འབད་ནི།

༉ ད་རེས་ནངས་པར་ གཞུང་གིས་ ཆུའི་དམིགས་བསལ་ལས་རིམ་འོག་ལུ་ རང་དབང་ཅན་གྱི་ གཙུག་སྡེ་ཅིག་ གཞི་བཙུགས་འབད་ནིའི་དོན་ལུ་ བལྟ་བའི་བསྒང་ཡོདཔ་ད་ ལས་སྡེ་གིས་ སྣ་ཁྲིད་ཐོག་ལས་ རྒྱལ་ཁབ་ནང་ ཆུ་དང་ ཞིང་ཆུ་མ་ལང་པའི་དཀའ་ངལ་ཚུ་ སེལ་ཐབས་འབད་ནི་ཨིན་པས།

ཨིན་རུང་ ད་ལྟོ་ རང་དབང་ཅན་གྱི་ཡིག་ཚང་ ཡང་ཅིན་ ལས་སྡེ་ཅིག་སྦེ་ གཞི་བཙུགས་འབད་ནི་ལུ་ ཐག་མ་བཅད་པར་ཡོདཔ་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༢༥ ལུ་ ཟླ་རིམ་གྱི་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ ཆུ་དེ་ཁག་ཆེཝ་ལས་ གཞུང་གིས་ ཁས་བླངས་འབད་ཡོདཔ་བཞིན་དུ་ གནས་སྐབས་མ་འདྲཝ་བཏོན་ཏེ་ ཆུ་གི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།

དམིགས་བསལ་གྱི་ ལས་རིམ་༩ ཡོད་མི་ལས་༡ ཆུའི་དམིགས་བསལ་ལས་རིམ་ཨིནམ་ད་ འཐུང་ཆུ་དང་ ཞིང་ཆུ་ཚུ་ ཨ་རྟག་གི་ སྒྲིག་གཞི་གུ་བཀོད་དེ་ བཞག་ནི་མེན་པར་ ཚ་ངེར་བཏོན་ཏེ་ འབད་ནི་གི་ ལས་རིམ་ཚུ་ སྒྲིག་དོ་ཟེར་ཨིན་པས།

ཧེ་མ་ ཆུའི་དམིགས་བསལ་གྱི་ ལས་རིམ་ཡང་ དབྱེ་ཁག་༢ བཟོ་སྟེ་ དབྱེ་ཁག་དང་པའི་ནང་ རྫོང་ཁག་༡༡ དང་ཁྲོམ་སྡེ་༤ ལུ་ དངུལ་ཀྲམ་ཐེར་འབུམ་༣ དང་ དབྱེ་ཁག་༢ པའི་ རྫོང་ཁག་༩ གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༢ བརྩིས་ཏེ་ དངུལ་ཀྲམ་ཐེར་འབུམ་༥ དེ་ཅིག་ བགོ་བཀྲམ་འབད་དེ་ཡོདཔ་ཨིན་པས།

ཨིན་རུང་ ལས་རིམ་དེ་ དབྱེ་ཁག་བཟོ་མི་ཚུ་ གཅིག་བཟོ་ཡོདཔ་བཞིན་དུ་ ཆུའི་ལས་རིམ་སྐོར་ལས་ ཞལ་འཛོམས་ཐེངས་༣ དེ་ཅིག་ འགོ་འདྲེན་འཐབ་ཚར་ཡོདཔ་ད་ ཞལ་འཛོམས་ཅིག་ ཁ་ཙ་ འཚོགས་ཅི་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ཆུ་གི་དམིགས་བསལ་ལས་རིམ་དེ་ མ་འདྲཝ་ལས་ ད་རེས་ དམིགས་བསལ་ལས་རིམ་ཅིག་སྦེ་ འགོ་བཙུགས་ཞིནམ་ལས་ འགྲོས་ཀྱིས་སྦེ་ རང་དབང་ཅན་གྱི་ གཙུག་སྡེ་གཞི་བཙུགས་འབད་ནི་ཨིནམ་བཞིན་དུ་ ཆུའི་གཙུག་སྡེ་གཞི་རྟེན་གྱི་ལཱ་ཡང་ འབད་ཡོད་པའི་སྐོར་ལས་ གོ་ཡི་ཟེར་ཨིན་པས།

བློན་ཆེན་གྱིས་ ཆུའི་ལས་སྡེ་གཞི་བཙུགས་འབད་བ་ཅིན་ ག་དེ་སྦེ་ བཟོ་ནི་ཨིན་ན་དང་ འཐུང་ཆུང་དང་ ཞིང་ཆུང་ག་དེ་སྦེ་ འབད་ནི་ཨིན་ན་ དེ་ལས་ མི་སྟོབས་ཀྱི་ རྒྱབ་སྐྱོར་ཚུ་ ག་གིས་འབད་ནི་ཨིན་ན་ གཞུང་ལྟེ་བ་དང་ ས་གནས་གཞུང་གི་བར་ན་ ཁེ་ཕན་ག་དེ་སྦེ་འདུག་ག་ ག་ར་བལྟ་ཚར་ཡི་ཟེར་གསུངས་ཡི།

རྒྱལ་ཁབ་ནང་ ཆུ་དང་འབྲེལ་བའི་ ལས་སྡེ་དང་ ངོ་རྐྱང་ག་ར་ ངོས་འཛིན་འབད་དེ་ཡོད་པའི་ཁར་ ལས་སྡེ་ལུ་ མིང་ག་ཅི་བཏགས་ནི་ཨིན་ན་ དབང་ཚད་ག་ཅི་བཟུམ་ཅིག་ཡོད་ག་ བཅའ་ཁྲིམས་ནང་ཡོད་པའི་ དབང་ཚད་ག་ར་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ལུ་ཡོདཔ་ལས་ དེ་ཚུ་གི་སྐོར་ལས་ ལྷན་ཚོགས་དང་ གྲོས་བསྟུན་འབད་ཡོདཔ་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ སྤྱིར་བཏང་ཡོངས་སུ་རྫོགས་སྦེ་ ཆུའི་འཛིན་སྐྱོང་འཐབ་མི་ ལེགས་ཤོམ་ཅིག་ དགོ་པའི་ཁར་ ཆུའི་སྲིད་བྱུས་དང་ ཆུའི་འཕྲུལ་རིག་ལེགས་ཤོམ་དགོཔ་ཡོདཔ་བཞིན་དུ་ དེ་ཚུ་ མ་ཚང་པ་ཅིན་ གནས་སྟངས་དེ་ དེ་སྦེ་ར་ སྡོད་ནི་མས་ཟེར་ཨིན་པས།

ཆུའི་འཕྲུལ་རིག་དང་ ཞིབ་འཚོལ་ དེ་ལས་ གསར་གཏོད་འབད་དགོཔ་ཡོདཔ་ལས་ དེ་ཚུ་ ཤེས་ཡོན་གཙུག་སྡེ་ལས་ འོང་དགོ་མི་ལུ་བརྟེན་ རྒྱལ་འཛིན་གཙུག་སློབ་སྡེ་གིས་ དེ་ལུ་ གཙོ་རིམ་བཟུང་དགོཔ་ད་ ད་ལས་ཕར་ དུས་རྒྱུན་ དེ་སྦེ་ར་ སྡོད་ནི་ཨིནམ་ལས་ གཞུང་འབྲེལ་ཐོག་ལས་ ཆུའི་འཕྲུལ་རིག་གཙུག་ལག་ཤེས་ཡོན་ གཞི་བཙུགས་དགོ་རུང་ བཙུགས་དགོ་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ཁྲིམས་མཐུན་གཞི་བཀོད་ཆུའི་གནད་དོན་ ལེགས་ཤོམ་དགོ་པའི་སྐོར་ལས་ གྲོས་བསྟུན་འབད་ཡི་ཟེར་ཨིནམ་ད་

ཆུ་རྐ་ག་བཟུམ་ཡོདཔ་ཨིན་ན་དང་ རང་བཞིན་གནས་སྟངས་ལུ་ ཕན་གནོད་ཚུ་ག་ར་དགོ་པས་ཟེར་ཨིན་པས།

ཆུ་གི་ལཱ་འབད་བའི་སྐབས་ འཕྲུལ་རིག་དང་ ཆུ་དང་འབྲེལ་བའི་ ཤེས་ཡོན་ལེགས་ཤོམ་དགོ་པའི་ཁར་ ཡུན་བརྟན་གྱི་ སྲིད་བྱུས་སྒྲིང་སྒྲི་ཅིག་ ལེགས་ཤོམ་དགོཔ་ལས་ དེ་ཚུ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་དང་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ཚུ་གིས་ འབད་དགོཔ་སྦེ་ སླབ་ཅི་ཟེར་གསུངས་ཡི།

མ་དངུལ་མ་ལང་མི་ཚུ་ འཚོལ་ཞིབ་འབད་དགོཔ་བཞིན་དུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱིས་ ལས་སྡེ་ཚུ་ ལོག་གཙོ་རིམ་སྒྲིག་དོ་ཡོདཔ་ད་ ཀོ་བིཌ་-༡༩ གནས་སྟངས་ནང་ ན་གཞོན་ལཱ་གཡོག་བྱིན་ནི་དང་ ཕྱིར་ཚོང་ལྷན་ཐབས་ ནང་འདྲེན་ཚབ་བཙུགས་ དེ་ལས་ གསར་གཏོད་གནས་སྐབས་ཚུ་ ཡོདཔ་ཅིན་ གཞུང་གིས་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།

དེ་ཚུ་མེན་པའི་ ལས་སྣ་ཡོད་པ་ཅིན་ ཆ་མེད་གཏང་ནི་དང་ ཕར་འཕུད་རྐྱབ་ནིའི་སྐོར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ གྲོས་བསྟུན་འབད་ཡི་ཟེར་ཨིནམ་ད་ ད་རེས་ བཟོ་སྐྲུན་ནང་ དངུལ་ཀྲམ་ཐེར་འབུམ་༤༢ བགོ་བཀྲམ་འབད་དེ་ཡོདཔ་ལས་ ལོ་༣ གྱི་ནང་འཁོད་ལུ་ ག་དེ་སྦེ་ འབད་ཚར་འོང་ག་ ཚ་གྱང་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ཆུ་འི་ལཱ་ཚུ་ མཐིལ་ཕྱིན་འབད་ར་ འབད་དོ་ཡོདཔ་ད་ དང་ཕུའི་ལམ་ལུགས་དེ་ བཅོ་ཁ་རྐྱབ་ཞིནམ་ལས་ ཡུན་བརྟན་སྦེ་ བཞག་ཐབས་ལུ་ ཆུའི་རྐ་ མཐོ་ས་ལས་ དམའ་སར་ཕབ་ནི་དང་ དམའ་ས་ལས་མཐོ་སལ་བཀལ་ནི་ ས་འོག་ལས་ ཆུ་བཏོན་ནི་ དེ་ལས་ དེ་ཚུ་ཡང་ འབད་མ་ཚུགས་པ་ཅིན་ མི་ཚུ་ ཆུ་ཡོད་སར་ སྤོ་བཤུད་འབད་ནི་ལུ་ གཙོ་རིམ་སྒྲིག་དོ་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *