གཙང་ཆའི་མཐའམ་བདའ་སྟེ་ འཁྱམས་སྡོད་མི་ བྱ་ཚུ།

ཆུ་ཤོག་གི་ ཕྱགས་སྙིགས་ཚུ་གིས་ བྱ་ཚུ་ལུ་ གནོད་ནིའི་ཉེན་ཁ་ཡོདཔ།

༉ ཐིམ་ཕུག་རྟ་བབ་ཀྱི་ས་ཁོངས་དེ་ ཤེལ་དམ་དང་ ཨ་ལོའི་རྩེད་ཆས་ གོ་ལ་ར་སྡུག་ གུ་རམ་གྱི་ཆུ་ཤོག་ དེ་ལས་ བསིལ་ཆུའི་གྱིབ་དམ་ཚུ་གིས་ ཁྱབ་ཡོདཔ་སྦེ་ མཐོངམ་ཨིན་པས།
ཕྱགས་སྙིགས་ཚུ་ནང་ བྱ་ཚུ་འཁྱམས་སར་མཐོངམ་ཨིན་རུང་ ཕྱགས་སྙིགས་ཚུ་གིས་ བྱ་ཚུ་ལུ་ གནོད་ཉེན་ག་དེམ་ཅིག་ཡོདཔ་ཨིན་ན་ ཤེས་མི་དེ་ཅིག་ར་ མེདཔ་ཨིན་པས།
ནགས་ཚལ་ལས་བྱེདཔ་དང་ བྱའི་སྐོར་ལས་ཤེས་མི་ ཤེས་རབ་རྒྱ་མཚོ་གིས་ སླབ་མིའི་ནང་ མ་གཞི་ གཙང་ཆུའི་མཐའམ་ཚུ་ བྱ་འཁྱམས་ས་འབད་ནི་དེ་གིས་ ཚ་གྱང་སྦོམ་ཡོད་རུང་ ཚན་རིག་གི་གནས་སྡུད་མེདཔ་ལས་ གནོད་ཉེན་ག་དེམ་ཅིག་ ཡོདཔ་ཨིན་ན་ ཤེས་མི་ཚུགས་པས་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཆུ་ཤོག་ལག་ལེན་བཀག་དམ་འབད་མི་དེ་གིས་ བྱ་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ད་ འབྲུག་གི་བྱ་ལྟ་མི་ཚུ་གིས་འབད་བ་ཅིན་ འདབ་ཆགས་ཚུ་ལུ་ ཆུ་ཤོག་ལུ་བརྟེན་པའི་ ཉེན་ཁ་མེད་ཟེར་མི་ལུ་ ངོས་ལེན་མེད་ཟེར་ སླབ་ཨིན་པས།
རྒྱལ་ཁབ་ནང་ བྱ་ལྟ་མི་ཚུ་གིས་ སླབ་མིའི་ནང་ ཆུ་ཤོག་གི་ ཕྱགས་སྙིགས་ཚུ་གིས་ བྱ་ཚུ་ལུ་ ཉེན་ཁ་མང་སུ་བཀལ་ཏེ་ཡོད་ཟེར་ཨིནམ་ད་ བྱ་འཁྱམས་སའི་ས་ཁོངས་ཚུ་ག་ར་ ཆུ་ཤོག་གིས་ གང་སྟེ་འདུག་ཟེར་ བྱ་རིགས་ལྟ་མི་ སྐལ་བཟང་རྡོ་རྗེ་གིས་ བཤདཔ་ཨིན་པས།
བྱ་ལྟ་མི་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ རྒྱང་རིང་ལས་ལྟ་བའི་སྐབས་ འཕྲལ་འཕྲལ་ར་ ཆུ་ཤོག་གི་ཕྱགས་སྙིགས་ཚུ་ བྱ་བཟུམ་མཐོང་སྟེ་ ངོ་འཛོལ་ནི་འདུག་ཟེར་ཨིནམ་ད་ ཆུ་ཤོག་གི་ཕྱགས་སྙིགས་ཚུ་ གཙང་ཆུ་དང་ ཚལ་མ་ནང་ལས་ཕར་ ག་ཏེ་ཡང་ མཐོང་ཚུགས་པས་ཟེར་ ཨིན་པས།
བྱ་ལྟ་མི་ཚུ་གིས་ སླབ་མིའི་ནང་ བྱ་འཁྱམས་ས་ལུ་ བཙོག་པ་ཞུགས་ཏེ་ཡོད་པའི་ཁར་ ཆུ་ཤོག་ཚུ་གིས་ རྐངམ་བསྡམ་མི་ལུ་བརྟེན་ ཤི་རྐྱེན་ཡང་ བྱུང་སྟེ་འདུག་ཟེར་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཆུ་ཤོག་གིས་ གནོད་པ་བཀལ་མི་ཚུ་ ཁྲོམ་སྡེའི་གཙང་ཆུ་ཚུ་ནང་ལྟ་བའི་སྐབས་ བྱ་གི་གྱངས་ཁ་ ལེ་ཤ་གིས་ མར་བབས་སོང་ཡོདཔ་སྦེ་ མཐོང་ཡི་ཟེར་ཨིན་པས།
མཇུག་མ་གནགཔོ་འབད་མི་བྱ་དེ་ འབྲུག་གི་གཙང་ཆུ་དང་ ཆུ་དང་འདམ་རྫབ་ཡོད་སའི་ས་ཁོངས་ཚུ་ནང་ མཐོངམ་ཨིན་རུང་ ད་རེས་ བྱ་དེ་ཚུ་ དཀོན་དྲགས་འདུག་ཟེར་ཨིནམ་ད་ ཁོ་གིས་སླབ་མིའི་ནང་ ཆུ་ཤོག་གི་ཕྱགས་སྙིགས་དེ་གིས་ བྱ་རིགས་ཚུ་ལུ་ གནོད་པ་ཡོདཔ་ལས་ ཡོངས་གྲགས་ཅན་གྱི་ ཁྱིམ་ཡོད་སར་སྡོད་མི་ ཨོ་ལ་དང་ ཏེབ་བྱ་གནགམོ་ཚུ་ཡང་ ལ་མཐོ་ས་ལས་ཕར་ མཐོངམ་མས་ཟེར་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འབྲུག་གི་ རང་བཞིན་གྱི་ནགས་ཚལ་དེ་གིས་ བྱ་འཁྱམས་ས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ཚུགས་ནི་ཨིན་རུང་ ད་ལྟོ་ལས་ བཀག་འཛིན་འབད་ནིའི་ འགན་ཁུར་མ་འབག་པ་ཅིན་ ལཱ་ཁག་རྐྱབ་འོང་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཆུ་ཤོག་གི་ཕྱགས་སྙིགས་ཚུ་ མང་ཤོས་ར་ བཟའ་འཐུང་གི་རིགས་ཚུ་སྤུར་ཏེ་ཡོདཔ་ལས་ བྱ་ཚུ་གིས་ བཟའ་ནིའི་རིགས་བཟུམ་མཐོང་སྟེ་ ཆུ་ཤོག་ཚུ་ བཟའཝ་མས་ཟེར་ཨིན་པས།
ཕྱགས་སྙིགས་དེ་ ཚ་གྱང་ཅན་གྱི་གནས་སྟངས་ནང་ཡོད་རུང་ གྲོང་གསེབ་ཚུ་ནང་ ཧིང་སངས་ས་འདུག་ཟེར་ཨིནམ་ད་ ཁྲོམ་སྡེ་ཚུ་ནང་འབད་བ་ཅིན་ བྱ་ཚུ་གིས་ བཟའ་ནིའི་དོན་ལུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་ནི་དེ་གིས་ འཚོལ་འགྱོཝ་ད་ ཆུ་ཤོག་དང་ཕྱད་དེ་ དེ་ཚུ་བཟའ་ནི་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་ཤོག་གི་ ཕྱགས་སྙིགས་དེ་གིས་ ཡོངས་གྲགས་ཅན་དང་ ཉམས་ཉེན་ཡོད་མི་ བྱ་རིགས་ག་ར་ལུ་ ཉེན་ཁ་འདུག་ཟེར་ཨིནམ་ད་ དེ་གི་ནང་ལས་ གནས་སྤོ་སྟེ་སྡོད་མི་ གཙང་ཆུའི་བྱ་རིགས་ཚུ་ལུ་ ཉེན་ཁ་མངམ་འདུག་ཟེར་ཨིན་པས།
དེ་ཡང་ བྱ་དེ་ཚུ་ གནས་སྤོ་འགྱོ་བའི་སྐབས་ མང་ཤོས་ར་ གཙང་ཆུ་དང་ སྤང་ཚུ་ནང་ལས་ཕར་ ལྟོ་འཚོལ་བའི་སྐབས་ ཆུ་ཤོག་དང་ཕྱད་མི་ལུ་བརྟེན་ བྱི་ཅུང་ཚུ་ ཤི་དོ་ཡོདཔ་ཨིན་པས།
ཨིན་རུང་ བྱ་ལྟ་མི་ བཙན་སྐྱོགས་དབང་འདུས་ཀྱིས་ སླབ་མིའི་ནང་ ཨོ་ལ་ཚུ་གིས་ ཐབ་ཚང་ནང་ལས་ཐོན་མི་ ཐུགཔ་དང་ གཞན་བཟའ་ནིའི་རིགས་ཚུ་ བཟའ་དོ་ཡོད་རུང་ ཧེ་མ་བཟུམ་སྦེ་ གཏོརམ་བཟའ་སར་ མི་མཐོང་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨོ་ལའི་གྱངས་ཁ་ མར་བབས་སོང་མི་དེ་ གོང་འཕེལ་དང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ཨིནམ་སྦེ་ བཤད་པའི་ཁར་ འཛམ་གླིང་རི་དྭགས་མ་དངུལ་གྱིས་ ཆུ་ཤོག་ལུ་བརྟེན་པའི་ ཕྱགས་སྙིགས་ཚུ་གིས་ བྱ་ཚུ་ལུ་ གནོད་ཉེན་འདུག་ཟེར་ བཀོད་འདུག་པའི་གནས་ཚུལ།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *