ཆུ་འཐེན་འཕྲུལ་གཞི་བཙུགས་འབད་མི་གིས་ མོང་སྒར་ལུ་ འཐུང་ཆུའི་དཀའ་ངལ་ བསལ་ཚུགས་པའི་རེ་བ།

༉ མོང་སྒར་རྫོང་ཁག་གི་ ཁྲོམ་ཁར་སྡོད་མི་དང་ སྨན་ཁང་ སློབ་གྲྭ་ཚུ་ནང་ འཐུང་ཆུའི་དཀའ་ངལ་བྱུང་མི་དེ་ འཕྲལ་མགྱོགས་ར་ བསལ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
དེ་ཡང་ ཆུ་འཐེན་འཕྲུལ་གྱི་ ཆུ་མཛོད་༢ བཟོ་སྐྲུན་འབད་ཡོད་མི་ལུ་བརྟེན་ཨིནམ་ད་ ཝེང་མཁར་གཡུས་ཚན་མཇུག་དང་ ལྕང་ཤིང་པེག་སྣུམ་འཁོར་ལམ་འོག་ལུ་ བཟོ་སྐྲུན་འབད་མི་ ཆུ་མཛོད་ཁང་༢ ལུ་ རིང་ཚད་མི་ཊར་༧ ཡོདཔ་མ་ཚད་ ལྕགས་ཀྱིས་བཟོ་སྐྲུན་འབད་ཡོདཔ་བཞིན་དུ་ ཆུ་མཛོད་ཁང་ནང་ ཆུ་ལི་ཊར་འབུམ་༡ དང་སྟོང་ཕྲག་༦༥ ཤོང་ཚད་ཡོདཔ་ཨིན་པས།
ཐེམ་ནང་སྦིས་ལས་ཐོན་མི་ཆུ་དང་ ཇའེ་བབ་ལས་བབས་མི་ ཆུ་རྐ་༢ ལས་ ཨིན་ཅི་༤ རེ་འབད་མི་ ཆུ་དུང་ལག་ལེན་འཐབ་སྟེ་ ཝེང་མཁར་མཇུག་གི་ ཆུ་མཛོད་ཁང་ཚུན་ ཆུ་འཐེན་པའི་ཤུལ་ལུ་ ཀི་ལོ་མི་ཊར་༣ གྱི་ས་ཁར་ཡོད་མི་ ལྕང་ཤིང་པེག་ ཆུ་མཛོད་ཁང་ནང་ ཆུ་འཐེན་འཕྲུལ་ཆས་ལག་ལེན་ཐོག་ ཆུ་འཐེན་ནི་ཨིན་པས།
དེ་བཟུམ་སྦེ་ ལྕང་ཤིང་པེག་ཆུ་མཛོད་ལས་ ཀི་ལོ་མི་ཊར་༣ དེ་ཅིག་གི་ས་གནས་ བཀའ་གདམས་ལུ་ སྨན་བླུགས་ཏེ་ ཁྲོམ་ནང་བཀྲམ་སྤེལ་འབད་ནིའི་དོན་ལུ་ སྨན་བཅོས་འཕྲུལ་ཁང་ཚུན་ ཆུ་འཐེན་འཕྲུལ་༤ ལག་ལེན་འཐབ་སྟེ་ ཁ་ཡར་ལྟག་འཐེན་ནི་ཨིན་པས།
རྫོང་ཁག་གི་ བཟོ་རིག་འགོ་དཔོན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ གཡག་སྤུ་གང་ཆུ་རྐ་ལས་ མོང་སྒར་སློབ་གྲྭ་གོང་མའི་ ཆུ་མཛོད་ཁང་ཚུན་ ཆུ་དུང་དང་ ཆུ་མཛོད་ཁང་ཚུ་ ཉམས་བཅོས་ཀྱི་ ལས་འགུལ་དང་ ཆུ་འཐེན་འཕྲུལ་གཞི་བཙུགས་འབད་ནི་ ལྕགས་ཀྱི་ཆུ་མཛོད་༢ བཟོ་སྐྲུན་འབད་ནིའི་ ལས་འགུལ་ཁག་༢ ཆ་ར་ སྤྱི་ལོ་༢༠༡༧ ལུ་ མཇུག་བསྡུ་བའི་ཤུལ་ལས་ ལག་ལེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་མཛོད་༢ བཟོ་སྐྲུན་འབད་དགོ་མི་དེ་ཡང་ གནམ་དགུན་ལུ་ ཆུ་རྐ་ཚུ་ སྐམ་འགྱོཝ་ད་ ཁྲོམ་ནང་སྡོད་མི་ཚུ་ལུ་ ཐོ་མ་ཕོགཔ་སྦེ་ འཐུང་ཆུ་བཀྲམ་སྤེལ་འབད་ཐབས་ལུ་ཨིན་ཟེར་ཨིན་པས།
གལ་སྲིད་ ཉིན་བསྟར་བཞིན་དུ་ ཆུ་འཐེན་འཕྲུལ་ལག་ལེན་འཐབ་པ་ཅིན་ གློག་མེའི་སྤྱོད་འཐུས་ ཚད་ལས་བརྒལ་ འཐོན་ནི་ཨིནམ་ལས་ དགོ་པའི་དུས་ཚོད་ནམ་ར་འབད་རུང་ གྲ་སྒྲིག་སྦེ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་ རམ་བྷ་དུར་དར་རྗེ་གིས་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ ཁྲོམ་ནང་ འཐུང་ཆུའི་དཀའ་ངལ་རྒྱ་ཆེཝ་སྦེ་ ཐོན་མི་དེ་ མི་རློབས་ཡར་སེང་འགྱོ་མི་དང་ བཟོ་སྐྲུན་གྱི་ལས་སྣ་མངམ་ཐོན་མི་ དེ་ལས་ ཆུ་རྐ་སྐམ་འགྱོ་མི་ཚུ་ལུ་བརྟེན་ཨིན་ཟེར་ཨིན་པས།
ཧེ་མ་ སྨན་བཅོས་འབད་མི་ འཐུང་ཆུ་ལུ་བརྟེན་ ཁྲོམ་ཁར་སྡོད་མི་ཚུ་གིས་ ཆུ་གཙང་ཏོང་ཏོ་ འཐོབ་ཚུགས་ནི་དང་ ཉིན་བསྟར་བཞིན་དུ་ ཆུ་ལི་ཊར་ས་ཡ་༡ ལྷགཔ་རེ་ བཀྲམ་སྤེལ་འབད་འོང་ཟེར་ཨིན་པས།
ཁྲོམ་སྡེའི་ངོ་ཚབ་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁག་གིས་ མི་སེར་ཚུ་ལུ་ འཐུང་ཆུ་བཀྲམ་སྤེལ་མ་ འབདཝ་མེན་ཟེར་ཨིནམ་ད་ དེ་ཡང་ མི་སེར་ཚུ་གིས་ ཆུ་བདག་འཛིན་དང་ འཛིན་སྐྱོང་མ་འབད་བའི་དཀའ་ངལ་ འདུག་ཟེར་ བཤདཔ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ན་པ་ཁག་འབག་ལས་འགུལ་དེ་ དུས་ཚོད་ཁར་ བཟོ་སྐྲུན་འབད་ཚར་རུང་ སྤུས་ཚད་དང་ལྡནམ་སྦེ་མེདཔ་ལས་ ལོག་བཟོ་སྐྲུན་འབད་དགོཔ་བྱུང་ཡི་ཟེར་ཨིན་པས།
མོང་སྒར་ཁྲོམ་ནང་སྡོད་མི་ མི་སེར་༡༠,༠༠༠ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *