སངས་རྒྱས་ ཆོས་ དགེ་འདུན་ཟེར་ མིང་བཏགས་མི་ ཆུ་བྱ་ཕོཝ་དཀར་གྱི་ བྱི་ཅུང་༣ ། པར་- རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ གདོང་དེབ་ནང་ལས།

ཆུ་བྱ་ཕོ་དཀར་ བྱི་ཅུང་༣ གྱི་རྐངམ་གུ་ ཇི་པི་ཨེསི་འཕྲུལ་ཆས་བཏགས་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༡༤ གི་དྲོ་པ་ དབང་འདུས་ཕོ་བྲང་དང་ རྩི་རང་གི་ གཞུང་ལམ་བདའ་སྟེ་ ཀི་སོ་ན་ཆུའི་ས་ཁོངས་ནང་ ཆུ་བྱ་ཕོཝ་དཀར་གྱི་ བྱི་ཅུང་༣ ལུ་ སངས་རྒྱས་ ཆོས་ དགེ་འདུན་ཟེར་ མིང་བཏགས་ཏེ་ བྱི་ཅུང་ཚུ་གི་རྐངམ་གུ་ ཇི་པི་ཨེསི་འཕྲུལ་ཆས་ བཏགས་ཡོདཔ་ཨིན་པས།
དེ་ཡང་ ཉམས་ཉེན་ཅན་གྱི་ བྱ་རིགས་ཨིན་མི་ ཆུ་བྱ་ཕོཝ་དཀར་ཚུ་ འཁྱམས་སའི་ས་ཁོངས་དང་ འཚོ་བའི་གནས་སྟངས་ཚུ་ ལྟ་རྟོག་འབད་ནིའི་དོན་ལུ་ཨིན་པས།
རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ འདབ་ཆགས་མཁས་མཆོག་ རི་བི་ཀ་ པར་དཱན་གྱིས་ སླབ་མིའི་ནང་ མང་ཤོས་ར་ རང་རྐྱང་སྦེ་སྡོད་མི་བྱ་ཚུ་ ཉམས་སྲུང་འབད་ནིའི་དོན་ལུ་ གལ་ཅན་གྱི་ལས་སྣ་ཅིག་ ཨིན་ཟེར་ཨིན་པས།
དཀོན་མཆོག་༣ སྦེ་ མིང་བཏགས་མི་ ཆུ་བྱ་ཕོཝ་དཀར་གི་ བྱི་ཅུང་༣ ཡང་ ཨོ་རྒྱན་དབང་ཕྱུག་མཐའ་འཁོར་དང་ཉམས་སྲུང་ཞིབ་འཚོལ་སྤེལ་ཁང་དང་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ཞིབ་འཚོལ་པ་ཚུ་ མཉམ་འབྲེལ་ཐོག་ལས་ འཕྲུལ་ཆས་བཏགས་ཡོདཔ་ད་ དེ་བསྒང་ བྱི་ཅུང་ཚུ་ ཉིན་གྲངས་༤༠-༤༥ ལས་བརྒལ་ མ་ལངམ་ཨིན་པས།
འཕྲུལ་ཆས་དེ་ཡང་ སྤེལ་ཁང་གི་ མཁས་དབང་ཤེས་རབ་ཀྱིས་ འགོ་འདྲེན་ཐོག་ལས་ འབད་ཡོདཔ་ད་ འཕྲུལ་ཆས་ཚུ་ ཇར་མ་ནི་ལུ་ཡོད་པའི་ མེས་པ་ལཊི་གཙུག་སྡེ་གིས་ འདབ་ཆགས་རིག་པའི་དོན་ལུ་ རྒྱབ་སྐྱོར་འབད་ནུག།
ཆུ་བྱའི་ཚང་དེ་ཡང་ སྤྱི་ལོ་༢༠༡༩ ཟླ་༣ པའི་ཚེས་༢ ལུ་ ལོ་བསྟར་བྱ་རིགས་ཀྱི་ བརྟག་ཞིབ་འབད་བའི་སྐབས་ ཚོགས་སྡེ་དང་ ནགས་ཚལ་འགོ་དཔོན་ཚུ་གི་ མཐོང་ཡོདཔ་ཨིན་པས།
ཆུ་བྱ་ཕོཝ་དཀར་གྱི་ སྒོང་རྡོག་དང་པ་ར་ སྤྱི་ཟླ་༣ པའི་ཚེས་༤ ལུ་ བུད་ཡོདཔ་ད་ ཉིནམ་༣ གྱི་རྒྱབ་ལས་ ད་རུང་ སྒོང་རྡོག་༣ བུད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་བཞིན་དུ་ ཆུ་བྱའི་ཚང་ཡང་ གཙང་ཆུ་ལས་ མི་ཊར་༥༠-༦༠ དེ་ཅིག་ས་གནས་ནང་ ཤིང་གི་འདབ་མའི་སྦུག་ལུ་ བཟོ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་དང་འཁྲིལཝ་ད་ བྱི་ཅུང་ཚུ་གི་རྐངམ་གུ་ འཕྲུལ་ཆས་བཏགས་པའི་སྐབས་ མ་བདེ་བའི་རྣམ་འགྱུར་མ་བཏོན་ཟེར་ཨིནམ་ད་ འགོ་དཔོན་ཚུ་གིས་འབད་རུང་ ཆུ་ཚོད་དག་པ་ཅིག་གི་རིང་ ལྟ་རྟོག་འབད་ཡོདཔ་མ་ཚད་ བྱི་ཅུང་ཚུ་གི་ ཕམ་གིས་ཡང་ སྤྱོད་པ་མ་འདྲཝ་མ་བཏོན་ཟེར་ཨིན་པས།
ཚོགས་སྡེ་གིས་ སྤྱི་ལོ་༢༠༡༦ ལུ་ ཅེག་རི་པབ་ལིཊ་གི་ སྐྱེ་ལྡན་གནས་སྟངས་གྲོས་བསྟུན་པ་ ཌོག་ཊར་ པིས་ཀི་ རྒྱབ་སྐྱོར་ཐོག་ལས་ རྩི་རང་ བུ་རི་གཙང་ཆུ་ལས་ཡང་ བྱི་ཅུང་༢ ལུ་ ཇི་པི་ཨེས་ འཕྲུལ་ཆས་བཏགས་ཡོདཔ་ཨིན་པས།
བྱི་ཅུང་ཚུ་ལུ་ འཕྲུལ་ཆས་བཏགས་མི་ལུ་བརྟེན་ བྱ་ཚུ་གིས་ ག་ཅི་བཟའ་དོ་ག་དང་ ཁོ་རའི་གནས་སྟངས་ཚུ་ བལྟ་ནི་ལུ་ ཤེས་རྟོགས་འབྱུང་ཚུགས་ནི་ཨིན་པས།
ཆུ་བྱ་ཕོཝ་དཀར་ཚུ་ཡང་ འཛམ་གླིང་རྒྱལ་ཁབ་ག་རའི་ནང་ ཡོདཔ་བཞིན་དུ་ འབྲུག་རྒྱལ་ཁབ་ནང་ ད་རེས་ བྱ་༢༥ ཡོདཔ་ད་ བྱ་གི་བརྟག་ཞིབ་དེ་ཡང་ སྤུ་ཁ་ན་ཁ་དང་ གསར་སྤང་ དར་དཀར་ནང་ གཞལམ་སྒང་ དབང་འདུས་ཕོ་བྲང་ རྩི་རང་ དེ་ལས་ པདྨ་དགའ་ཚལ་རྫོང་ཁག་བརྩིས་ཏེ་ ས་ཁོངས་༣༠ ནང་ ཡོདཔ་ཨིན་པས།
རྒྱལ་སྤྱི་ཡུ་ནའི་རང་བཞིན་ཉམས་སྲུང་དང་འཁྲིལཝ་ད་ འཛམ་གླིང་ནང་ ཆུ་བྱ་༥༠ དང་༢༤༩ དེ་ཅིག་ འདུག་ཟེར་ཨིནམ་ད་ ཆུ་བྱ་ཚུ་ཡང་ འབྲུག་དང་ མའི་མར་ བང་ལ་དེཤ་ དེ་ལས་ རྒྱ་གར་ལུ་ མཐོང་གསལ་ཡོད་རུང་ ནེ་པཱལ་རྒྱལ་ཁབ་ནང་ ཆུ་བྱ་དེ་ རབས་ཆད་ནིའི་གུ་ ལྷོད་ནུག་ཟེར་ཨིན་པས།
ཆུ་བྱ་ཚུ་ མང་ཤོས་ར་ གཙང་ཆུ་བདའ་སྟེ་དང་ ཤིང་གི་འདབ་མ་སྦོམ་ཡོད་པའི་ ནགས་ཚུལ་ཚུ་ནང་ མཐོང་དོ་ཡོདཔ་མ་ཚད་ འདམ་རྫབ་དང་ ཆུ་ཞིང་ཚུ་ནང་ཡང་ སྡོད་དོ་ཡོདཔ་ཨིན་པས།
ཆུ་བྱ་ཚུ་གིས་ གནམ་དགུན་གྱི་སྐབས་ སྡེ་ཚན་སྦེ་ མང་ཤོས་ར་ བར་ཆད་མེད་པའི་ས་ཁོངས་ཚུ་ནང་ སྡོད་པའི་ཁར་ སྟོང་ཕུག་ཤིང་ཚང་ནང་ བྱི་ཅུང་འཚའ་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༣-༧ ཚུན་ རྒྱལ་ཁབ་ནང་ ཆུ་བྱ་གི་ཚང་༤ སྟོང་ཕུག་ཤིང་གི་ཚང་ནང་མཐོང་ཡོདཔ་ད་ བྱ་ཚུ་གིས་ ཚང་དེ་ཡང་ སྤྱི་ཟླ་༣ པ་དང་ ༦ པའི་ནང་བཟོ་ཐོག་ལས་ ཟེགསམ་འཚོལ་བར་ ཀི་ལོ་མི་ཊར་༣༠ གི་ས་གནས་ཚུ་ནང་ འགྱོ་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *