ཆུ་དུང་དང་ ཆུ་མཛོད་བརྡལ་བཤིག་བཏང་མི་༢༠ ལུ་ ཉེས་ཁྲིམས་ལོ་རེ་བཀལ་ཡོདཔ།

༉ སྤུ་ན་ཁ་སྟོདཔ་རྒེད་འོག་གི་ མི་སེར་༢༠ ལུ་ རྟ་ལོག་རྒེད་འོག་ ལབ་རྩ་ཁ་སྤྱི་འོག་གི་ ཆུ་མཛོད་དང་ ཆུ་དུང་ མེདཔ་བཏང་མིའི་ཐད་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ཆ་ཤས་ཅིག་ བསྒྱུར་བཅོས་མཛད་དེ་ རྩོད་ཟླ་ཚུ་ལུ་ བཙོན་ཁྲིམས་ལོ་རེ་བཀལ་ནུག།
སྤྱི་ཟླ་༡༡ པའི་ཚེས་༢༩ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ འཁྲུན་ཆོད་ནང་ རྩོད་ཟླ་ཚུ་ལུ་ བཙོན་ཁྲིམས་བཀལ་ཡོད་རུང་ རྫོང་ཁག་ཁྲིམས་དོན་འགོ་དཔོན་དང་ རྒེད་འོག་འགོ་ཁྲིདཔ་ཚུ་ལུ་ ནང་འགྲིགས་འབད་ནི་གི་ གོ་སྐབས་བྱིནམ་ད་ རྒེད་འོག་༢ ཀྱི་ མི་སེར་ཚུ་གི་བར་ན་ མོས་མཐུན་བྱུང་ཡོདཔ་ལས་ འཐུས་ཚུ་ བཏབ་མ་དགོ་ཟེར་བཀོད་ནུག།
དེ་ཡང་ རྒེད་འོག་ཁག་༢ ཀྱི་ མི་སེར་ཚུ་ལུ་ དྲང་ཁྲིམས་སྨིན་ཐབས་དང་ མ་འོངས་བུ་གཞི་ཚུ་ལུ་ གནོད་ཉེན་མི་འབྱུང་ནིའི་དོན་ལུ་ཨིན་ཟེར་བཀོད་ནུག།
དུས་ཅི་ སྤྱི་ཟླ་༥ པའི་ཚེས་༣ ལུ་ སྤུ་ན་ཁ་རྫོང་ཁག་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཆུ་དུང་མེདཔ་བཏང་མི་ལུ་ སྟོདཔ་གི་མི་སེར་༢༠ ལུ་ ཉེས་ཁྲིམས་ལོ་རེ་དང་ མི་༡༠ ལུ་ གནོད་སེམས་སྤྱོད་ངན་ཐོག་ ཉེས་ཅན་ལྐོག་གྲོས་འཐབ་མི་ལུ་བརྟེན་ ཉེས་ཁྲིམས་ཟླཝ་༦ རེ་བཀལ་ཡི་ཟེར་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ མི་སེར་ཚུ་ལུ་ ཉེས་ཁྲིམས་བཀལ་མི་དེ་ ཁྲིམས་འགལ་ཐོག་ལས་ ས་གནས་སྟར་གོ་ལུང་པའི་ ཆུ་རྐ་ལུ་ ཆུ་མཛོད་ཆེ་བ་༡ དང་ཆུང་བ་༢ བརྡལ་བཤིག་བཏང་པའི་ཁར་ ཆུ་དུང་བཏོག་བཏང་མི་ལུ་བརྟེན་ཨིན་པས།
འཐུང་ཆུ་བཀྲམ་སྤེལ་གྱི་དོན་ལུ་ གཞུང་ལས་ ཟད་འགྲོ་དངུལ་ཀྲམ་༤༨༧,༣༥༠ བཏང་སྟེ་ བཟོ་སྐྲུན་འབད་ཡོདཔ་ ལས་ མི་སེར་༢༠ དཔྱ་བགོ་འདྲ་མཉམ་རྐྱབ་ད་ མི་རེ་གིས་ དངུལ་ཀྲམ་༡༥,༧༢༡ རེ་ རྟ་ལོག་རྒེད་འོག་ལུ་ སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ནུག།
མཐོ་གཏུགས་པ་ཚུ་གིས་ ལབ་རྩ་ཁ་སྤྱི་འོག་གི་ འཐུང་ཆུ་དེ་ ཁྲིམས་མཐུན་ཐོག་ མ་བཏོན་པས་ཟེར་ སླབ་མི་དེ་ཡང་ རྫོང་ཁག་གིས་ ཡིག་ཐོག་བཀོད་པའི་ ཆུ་རྐ་དེ་ ཆུ་ཟམ་དང་ འབྱུང་ཆུ་ཁག་༣ ཨིན་རུང་ གཡོ་སྒྱུའི་ཐོག་ལས་ འཐུང་ཆུ་དེ་ སྟར་གོ་ལུང་པའི་ ཆུ་རྐ་མགོ་ལས་ གྲོས་བསྟུན་མེད་པར་ བཏོན་མི་ལུ་བརྟེན་ བརྡལ་བཏང་ཡི་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་བདག་སྐྱོང་གིས་ སྤྱི་ལོ་༢༠༡༥ ཟླ་༡ པའི་ཚེས་༢༨ ལུ་ ས་ གནས་ཆུ་ཟམ་དང་ འབྱུང་ཆུ་ཁག་༣ བསྡོམས་ཏེ་ འཐུང་ཆུ་བཏོན་ཆོག་པའི་ གནང་བ་དང་འཁྲིལ་ཨིན་ཟེར་ རྩོད་རྩ་ཚུ་གིས་ཞུ་ནུག།
མཐོ་གཏུགས་པའི་ངོ་ཚབ་ དམ་ཆོས་དབང་ཕྱུག་གིས་ ལབ་ཙ་ཁའི་ མི་སེར་ཚུ་གིས་ འཐུང་ཆུ་བཏོན་པའི་སྐབས་ རྫོང་ཁག་གིས་སྤྲོད་མི་ ཡི་གུ་ནང་ ས་གནས་ཆུ་ཟམ་ལས་ བཏོན་ཆོགཔ་སྦེ་ འཁོད་ཡོད་རུང་ ས་གནས་སྟར་གོ་ལུང་པའི་ ཆུ་རྐ་ལས་ བཏོན་ནུག་ཟེར་ཞུ་ནུག།
དེ་བཟུམ་སྦེ་ ཆུ་མཛོད་བརྡལ་བཏང་པའི་ ཉེས་ཁྲིམས་དང་ རྒྱལ་ཡོངས་ལས་མིའི་ གླ་ཆ་ཚུ་ སྤྲོད་དགོཔ་སྦེ་ འཁྲུན་ཆོད་གནང་མི་ལུ་ ཁེ་རྒུད་མ་བཏུབ་པར་ ལོག་ཞིབ་དཔྱད་མཛད་གནང་དགོཔ་སྦེ་ ཞུ་ནུག།
ཁོང་གིས་ བཀོད་མིའི་ནང་ གཡུས་ཚན་༥ ནང་ ཞིང་ཆུ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ཞིང་ཚུ་སྟོངམ་ལུས་ཡོད་མི་དེ་ སྟར་གོ་ལུང་པའི་ཆུ་དེ་ བཏོན་ཞིནམ་ལས་ མི་སེར་ཚུ་གིས་ ལྕང་ལཱ་རྐྱབ་ནི་ བཞག་དགོཔ་འབྱུང་ནི་ཨིནམ་ལས་ ཆུ་མཛོད་བརྡལ་བཤིག་གཏང་ནི་ཨིན་པའི་ རྫོང་ཁག་ལུ་ ཞུ་ཚིགས་བཙུགས་ཅི་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *