ཁབ་ཏོ་མེད་པའི་ ཉེན་ཁ་ཅན་གྱི་ ཆུ་གཡུར།

ཆུ་གཡུར་གུ་ ཁབ་ཏོ་མེད་པ་ལུ་བརྟེན་ ཆུ་གཡུར་ནང་འབུད་ནིའི་ ཉེན་ཁ།

༉ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་སྦུག་ལས་ གདུང་བསམ་ཆུ་བརྒྱུད་དེ་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་གྱི་ ཉེ་འདབས་གཡུས་ཚན་ཚུ་གི་དོན་ལུ་ ཆུ་གཡུར་བཏོན་མིའི་གུ་ ཁབ་ཏོ་ཅིག་ཡང་མེདཔ་ལས་ ཨ་ལོ་ཚུ་མ་ཚད་ མི་སྦོམ་ཚུ་ཡང་ ཆུ་གཡུར་ནང་འབུད་ནིའི་ ཉེན་ཁ་ཡོདཔ་ཨིན་པས།
གླ་འཁོར་དེད་གཡོགཔ་ ཇི་ཝན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་༢ དེ་ཅིག་གི་ཧེ་མར་ ཁོ་གི་བུམོ་དེ་ ཆ་རོགས་ཚུ་དང་གཅིག་ཁར་ རྩེདམོ་རྩེ་སྡོད་པའི་སྐབས་ ཆུ་གཡུར་ནང་འབུད་དེ་ ཐིམ་ནི་འབདཝ་ད་ ཁོ་གིས་ མཐོང་ཡོདཔ་ལས་ སྲོག་སྐྱབས་འབད་ཚུགས་ཅི་ཟེར་ཨིནམ་ད་ དེ་མིན་པ་ཅིན་ ཤི་སོཔ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ བྱུང་རྐྱེན་དེ་གི་སྐོར་ལས་ མནོ་བསམ་བཏང་པའི་སྐབས་ འདྲོག་དོ་ཡོདཔ་ལས་ ཨ་ལོ་ཚུ་ ཆ་གཡུར་གྱི་ ཉེ་འདབས་ལུ་ གཏང་ནི་མེད་ཟེར་ཨིནམ་ད་ ཆུ་གཡུར་དེ་གིས་ ཉེ་འདབས་ཀྱི་ ས་མཚམས་ཁྲོམ་ཚུ་ནང་སྡོད་མི་ཚུ་ལུ་ ཕན་ཐོགས་བྱུང་སྟེ་ཡོད་རུང་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནི་དེ་ ཁྲོམ་སྡེ་དང་ རྫོང་ཁག་ དེ་ལས་ ཨ་སམ་མངའ་སྡེ་༣ ལས་ ག་ལུ་ཕོགཔ་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ལོ་དག་པ་ཅིག་གི་ཧེ་མར་ ཨ་ལོ་ཅིག་ ཆུ་གཡུར་དེ་ནང་འབུད་དེ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ འཕྲལ་ཁམས་ཅིག་ཁར་ ཕོ་སྐྱེས་ཅིག་ཡང་ ཆུ་གཡུར་དེ་ནང་ ཐིམ་སོ་མི་ལུ་བརྟེན་ སྨན་ཁང་ནང་ བསྐྱལ་དགོཔ་བྱུང་ནུག་ཟེར་ཨིནམ་ད་ ཆུ་གཡུར་དེ་ ཨ་ལོ་རྐྱངམ་གཅིག་ལུ་མེན་པར་ མི་སྦོམ་ཚུ་ལུ་ཡང་ ཉེན་ཁ་འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ བྱུང་རྐྱེན་དེ་ཚུ་ ག་དེམ་ཅིག་བྱུང་རུང་ འབྲེལ་ཡོད་དབང་འཛིན་ཚུ་གི་ཁ་ཐུག་ལས་ ཉེན་སྲུང་དང་ལྡན་པའི་ ཐབས་ལམ་ག་གིས་ཡང་ བཏོན་སར་མ་མཐོང་ཟེར་ཨིནམ་ད་ ད་རེས་ གནམ་དགུན་ལུ་ ཆུ་ཆུང་ཀུ་ཨིན་རུང་ ཉེན་ཁ་ཡོད་པའི་ཁར་ ལྷག་པར་དུ་ གནམ་བྱཱར་ཆུ་བྲེས་པའི་སྐབས་ ཉེན་ཁ་སྦོམ་ཡོདཔ་ལས་ ཐབས་ལམ་གང་མགྱོགས་བཏོན་དགོཔ་ འདུག་ཟེར་ཨིན་པས།
ཁྲོམ་དཔོན་ཀརྨ་ཤེས་རབ་སྟོབས་རྒྱལ་གྱིས་ སླབ་མིའི་ནང་ ཉེ་འདབས་ཀྱི་ས་མཚམས་ ད་རང་ག་དང་ གཡུས་ཚན་གཞན་ཚུ་ནང་ སྡོད་མི་ཚུ་ལུ་ ཞིང་ཆུའི་རྐ་མེདཔ་ལས་ ཆུ་གཡུར་དེ་ སྤྱི་ལོ་༡༩༧༠ དོན་གྲངས་ནང་ ཨ་སམ་མངའ་སྡེ་དང་ རྫོང་ཁག་༢ མོས་མཐུན་ཐོག་ དེ་ཁར་སྡོད་མི་ཚུ་ལུ་ ཞིང་ཆུའི་གཡུར་བ་སྦེ་ བཏོན་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དེ་བསྒང་ བསམ་གྲུབ་ལྗོངས་མཁར་ལུ་ གཞི་རྟེན་མཐུན་རྐྱེན་ལ་སོགས་པ་ ག་ནི་ཡང་མེད་རུང་ ད་རེས་ནངས་པ་ གོང་འཕེལ་སོང་མི་དང་བསྟུན་ ཆུ་གཡུར་དེ་གི་ ཁབ་ཏོ་ཅིག་ཡང་མེད་མི་ལུ་བརྟེན་ དེ་ཁར་སྡོད་མི་ཚུ་གི་དོན་ལུ་ ཉེན་ཁ་སྦོམ་ འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནམ་བྱཱར་ཆུ་སྦོམ་ འོང་པའི་སྐབས་ ཆུ་ཞལ་འགྱོ་དོ་ཡོད་མི་དེ་གིས་ ཁྲོམ་ཁར་ གནོད་དོ་ཡོདཔ་མ་ཚད་ གཙང་སྦྲ་འཕྲོད་བསྟེན་ལུ་ཡང་ ཐོ་ཕོག་དོ་ཡོད་པའི་ གདོང་ལེན་སྦོམ་སྦེ་ར་ ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ཨ་སམ་གྱི་ འབྲེལ་ཡོད་དབང་འཛིན་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ ཆུ་གཡུར་དེ་ ཁོང་གི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ ཁོང་གི་ཁ་ཐུག་ལས་ ལོག་ཆུ་གཡུར་བཟོ་སྐྲུན་འབད་དེ་ ཉེན་སྲུང་དང་ལྡནམ་སྦེ་བཟོ་ནི་ཟེར་ སླབ་ཡོད་རུང་ ད་ལྟོ་ཚུན་ ག་ནི་ཡང་ འབད་ནི་མིན་འདུག་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་ སླབ་མིའི་ནང་ ཆུ་གཡུར་དེ་ལུ་ རྒྱ་འབྲུག་༢ ཀྱི་ མཐུན་ལམ་གྱི་ གནད་དོན་ཡོདཔ་ལས་ ཁྲོམ་སྡེ་གིས་འབད་ཚུགས་པའི་ ཐབས་ལམ་མེད་མི་ལུ་བརྟེན་ རྫོང་ཁག་ལུ་ གྲོས་འཆར་ཕུལ་ཡོདཔ་བཞིན་དུ་ རྫོང་ཁག་གིས་ གཞུང་ལུ་ ཕུལ་ཡོདཔ་ལས་ ད་ལྟོ་ ལན་གསལ་མ་ལྷོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ མ་དངུལ་ཆ་འཇོག་འབད་བ་ཅིན་ ཁྲོམ་ཁར་ གཙང་སྦྲ་འཕྲོད་བསྟེན་དང་ མི་ཚུ་གི་ ཚེ་སྲོག་ཉེན་སྲུང་གི་དོན་ལུ་ ཁྲོམ་སྡེ་གིས་ ལོག་ཆུ་གཡུར་བཟོ་སྐྲུན་འབད་དེ་ ཁབ་ཏོ་ཚུ་ཡང་ བཟོ་ནི་ཨིནམ་ལས་ ཕན་ཐོགས་འབྱུང་ཚུགས་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *