ལོ་༥ གི་རྒྱབ་ལས་ དངུལ་ཀྲམ་ས་ཡ་༤༥.༧༠༧ ཟད་འགྲོ་བཏང་སྟེ་ བཟོ་སྐྲུན་འབད་མི་ ཅོག་པོ་སྒང་ཆུ་གཡུར།

ཆུ་གཡུར་གསརཔ་གིས་ རེད་ཀྱི་ཐོན་ཤུགས་ལུ་ ལྷན་ཐབས་འབྱུང་ནིའི་རེ་བ།

༉ ད་རེས་ནངས་པར་ བཀྲིས་གཡང་རྩེ་ཡ་ལང་རྒེད་འོག་ མེ་ལོང་མཁར་ལུ་ སོ་ནམ་པ་མང་ཤོས་ར་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ གྲ་སྒྲིག་འབདཝ་བཞིན་དུ་ དུས་ཅི་ལས་ རེད་ཀྱི་ཐོན་ཤུགས་ ལོག་ལྟབ་ཡར་སེང་འགྱོ་ནི་གི་ རེ་བ་བསྐྱེདཔ་ཨིན་པས།

དེ་ཡང་ ཀི་ལོ་མི་ཊར་༨.༢ འབད་མི་ ཅོག་པོ་སྒང་ཆུ་གཡུར་དེ་ ལོ་༥ གི་རྒྱབ་ལས་ ཉམས་བཅོས་འབད་ཚུགས་ནི་དེ་གིས་ཨིན་པས།

སྐྱེས་ལོ་༥༣ ལང་མི་ སོ་ནམ་པ་ དཀར་སངས་དང་ ཁོ་གི་ བཟའ་ཚང་གིས་ཡང་ རེད་ཀྱི་ཐོན་སྐྱེད་ ན་ཧིང་དང་ཕྱདཔ་ད་ ལོག་ལྟབ་འཐོན་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཆུ་གཡུར་ཚུལ་ལྡན་མེདཔ་ལས་ འབྱ་ལཱ་ལུ་ ཤུགས་བཏོན་མ་ཚུགས་པའི་ཁར་ ཐོན་སྐྱེད་ཡང་ གངམ་མེད་པར་ ལོ་མང་རབས་ཅིག་ སོང་ཡོདཔ་ཨིན་པས།

དཀར་སངས་དེ་ ཁོ་རའི་ཞིང་ནང་ ཆུ་དཔག་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་ འགོརཝ་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ ནམ་འབད་རུང་ ཞིང་ཆུ་དཔག་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ ཁོ་གིས་ བཤད་པའི་ཁར་ ཆུ་གཡུར་ཉམས་བཅོས་མ་འབད་བའི་ཧེ་མར་ ཆུ་བརྒྱ་ཆ་༥༠ དེ་ཅིག་ལས་བརྒལ་ ཞིང་ནང་ལྷོད་ནི་མེད་མི་དེ་ཡང་ སོ་ནམ་པ་ཚུ་གི་བར་ན་ བགོ་བཤའ་རྐྱབ་སྟེ་ ལྕང་ལཱ་རྐྱབ་དགོ་ཟེར་ བཤདཔ་ཨིན་པས།

ཨ་ལོ་༥ གི་ཨའི་ ཚེ་རིང་སྒྲོལ་མ་གིས་ ཆུ་ཞིང་དང་འཁྲིལ་ ལོ་བསྟར་བཞིན་དུ་ ཆུ་གཡུར་ཉམས་བཅོས་ཀྱི་ འུར་ལཱ་རྒྱུག་དགོཔ་ཨིན་རུང་ དུས་ཅི་ལས་ འུར་ལཱ་རྒྱུག་མི་དགོ་ཟེར་ཨིན་པས།

སོ་ནམ་ལས་ཁུངས་དང་ རྫོང་ཁག་ དེ་ལས་ རྒེད་འོག་བདག་སྐྱོང་གིས་ དངུལ་ཀྲམ་ས་ཡ་༤༥.༧༠༧ ཟད་འགྲོ་བཏང་ཐོག་ལས་ བཟོ་སྐྲུན་འབད་མི་ ཅོག་པོ་སྒང་ཆུ་གཡུར་དེ་ ན་ཧིང་ལ་ཕྱེད་དེ་ཅིག་ཁར་ མཇུག་བསྡུ་ཡོདཔ་ད་

སོ་ནམ་པ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ མེ་ལོང་མཁར་ གཡུས་ཚན་ནང་ཡོད་པའི་ ཆུ་གཡུར་རྙིངམ་ལས་ ཞིང་ཆུ་དཔག་པའི་སྐབས་ འབྱ་ཞིང་ནང་ཆུ་ལངམ་སྦེ་ ལྷོད་ནི་མེདཔ་མ་ཚད་ ཆརཔ་ཤུགས་སྦེ་ ཉིནམ་༢ རྐྱབ་ད་རྐྱངམ་གཅིག་ ལང་ཚུགས་ཟེར་ཨིན་པས།

ལྕང་ལཱ་རྐྱབ་ནིའི་དོན་ལུ་ ཞིང་རྨོ་བའི་བསྒང་།

སྐྱེས་ལོ་༥༠ ལང་མི་ འཇམ་དབྱངས་ཡོན་ཏན་ལུ་ ས་གནས་ཡར་འཕེལ་ཟེར་སར་ ཆུ་ཞིང་ཨེ་ཀར་༡ དེ་ཅིག་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཆུ་གཡུར་གསརཔ་བཏོན་མི་ལུ་བརྟེན་ ས་ཞིང་ཚུ་ བཟའ་སྤྱོད་འབད་ནི་དང་ རེད་ཀྱི་ཐོན་སྐྱེད་ མངམ་འབད་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིནམ་ད་ ཨ་རྟག་འབད་བ་ཅིན་ ཆར་ཆུ་ལུ་ སྒུག་སྡོད་དགོ་ཟེར་ བཤདཔ་ཨིན་པས།

མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་གཡུར་ལས་བརྟེན་ འབྱ་ལཱ་རྐྱངམ་གཅིག་མེན་པར་ གནམ་དགུན་གྱི་ཚོད་བསྲེའི་ལཱ་འབད་ཚུགས་ནི་མས་ཟེར་ཨིན་པས།

མེ་ལོང་མཁར་གྱི་ མི་སེར་ཚུ་ གཡུས་ཆུམ་ལུ་ བརྟེན་སྡོད་དོ་ཡོདཔ་ལས་ རྒྱ་ཆུམ་ནང་འདྲེན་འབད་ནི་མེད་པའི་ཁར་ ལ་ལོ་ཅིག་གིས་ གཡུས་ཆུམ་བཙོང་སྟེ་ འོང་འབབ་བཟོ་མི་ཡང་ཡོད་ཟེར་ ས་གནས་ཀྱི་ མི་ཚུ་གིས་ སླབ་ཨིན་པས།

ཡ་ལང་རྒེད་འོག་གི་ མི་སེར་བརྒྱ་ཆ་༩༠ དེ་ཅིག་གིས་ འཚོ་བ་སོ་ནམ་དང་ སྒོ་ནོར་ལུ་བརྟེན་ སྡོད་དོ་ཡོདཔ་ད་ ཁོང་མང་ཤོས་ཀྱིས་ འབྱ་ལཱ་འབད་དོ་ཡོདཔ་ཨིན་པས།

དམངས་མི་ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཆུ་གཡུར་ལེགས་བཅོས་འབད་མི་དེ་གིས་ ཁྱིམ་གུང་༣༥༣ ལུ་ཕན་ཐོགས་བྱུང་སྟེ་ཡོད་པའི་ཁར་ མི་སེར་ཚུ་ལུ་ འབྱ་ལཱ་འབད་ནི་གི་ སེམས་ཤུགས་ཐོབ་སྟེ་འདུག་ཟེར་ཨིན་པས།

ཡ་ལང་རྒེད་འོག་ནང་ ས་ཞིང་ཨེ་ཀར་༢༤༤.༠༧ ལས་ ལོ་བསྟར་བཞིན་དུ་ ཆུམ་མེ་ཊིག་ཊཱན་༢,༡༧༠ དེ་རེ་ ཐོན་སྐྱེད་འབད་དོ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། མེ་ལོང་མཁར།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *