ཆརཔ་གིས་ གེ་ཟ་ཞིང་ཨེ་ཀར་༡༥ ལྷགཔ་ཅིག་ལུ་གནོད་སྐྱོན།

༉ བདུན་ཕྲག་༡ དེ་ཅིག་གི་རིང་ ཆརཔ་རྒྱུན་མ་ཆད་པར་ རྐྱབ་མི་དེ་གིས་ པདྨ་དགའ་ཚལ་གདུང་སྨད་རྒེད་འོག་གི་ སྤྱི་འོག་༣ ནང་ ཁྱིམ་གུང་པ་༢༧ དེ་ཅིག་གི་ གེ་ཟ་ཞིང་ཨེ་ཀར་༡༥ ལྷགཔ་ཅིག་ལུ་ གནོད་སྐྱོན་རྐྱབ་ནུག།
རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་གྱིས་ རྒེད་འོག་འགོ་དཔོན་དང་ མཉམ་འབྲེལ་ཐོག་ གནོད་སྐྱོན་རྐྱབ་ཡོད་མི་ཚུ་ ཞིབ་དཔྱད་འབད་དེ་ སྙན་ཞུ་བསྡུ་སྒྲིག་འབད་བའི་བསྒང་ཡོདཔ་བཞིན་དུ་ རྫོང་ཁག་སོ་ནམ་དང་ རྐྱེན་ངན་འཛིན་སྐྱོང་ཡིག་ཚང་ལུ་ཡང་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
སྤྱི་འོག་༣ ནང་ གནོད་སྐྱོན་རྐྱབ་ཡོད་མིའི་གྲས་ལས་ མི་ཀུ་རི་སྤྱི་འོག་ནང་ ཁྱིམ་གུང་༡༧ དེ་ཅིག་གི་ གེ་ཟ་ཞིང་ཨེ་ཀར་༥ ལྷགཔ་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོད་མི་དེ་ མཐོ་ཤོས་ཨིན་པས།
གདུང་སྨད་རྒེད་འོག་གི་ སོ་ནམ་རྒྱ་སྐྱེད་འགོ་དཔོན་ བཀྲིས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ སྤྱི་ཟླ་༥ པའི་ཚེས་༢༢ ལས་ ཁ་ཙ་ཚུན་ རྒྱུན་མ་ཆད་པར་ ཆརཔ་ཤུགས་སྦེ་ རྐྱབ་མི་དེ་གིས་ མི་ཀུ་རི་དང་ ལ་ནི་རི་ དེ་ལས་ འུང་བོ་རང་སྤྱི་འོག་༣ ནང་ ཁྱིམ་གུང་༢༧ དེ་ཅིག་གི་ གེ་ཟ་ཞིང་ཨེ་ཀར་༡༥ ལྷགཔ་ཅིག་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པས།
ཁ་ཙ་དྲོ་པ་ཡང་ འུང་བོ་རོང་སྤྱི་འོག་ནང་ ཁྱིམ་གུང་༢ དེ་ཅིག་གི་ གེ་ཟ་གནོད་སྐྱོན་རྐྱབ་ནུག་ཟེར་ ཚོགས་པ་གིས་ སྙན་ཞུ་འབད་ཡོདཔ་ད་ ཆརཔ་དེ་ འཕྲོ་མཐུད་དེ་ར་ རྐྱབ་དོ་ཡོདཔ་ལས་ ད་རུང་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་འདུག་ཟེར་ བཀྲིས་ཕུན་ཚོགས་ཀྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉམས་རྒུདཔ་ཚུ་ལུ་ གེ་ཟ་ཀེ་ཇི་རེ་ལུ་ རྒུད་འཐུས་དངུལ་ཀྲམ་༡༤ རེ་ བྱིན་དགོཔ་ཨིན་རུང་ ད་ལྟོ་ སྙན་ཞུ་ཚུ་ བསྡུ་སྒྲིག་འབད་བའི་བསྒང་ཡོདཔ་ལས་ ཨེ་ཀར་ག་དེམ་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་ན་ སླབ་མི་ཤེས་ནི་མས་ཟེར་ཨིན་པས།
ལམ་བདའ་སྟེ་ གཙང་ཆུ་བརྒལ་དགོཔ་བཞིན་དུ་ ད་རེས་ གཙང་ཆུ་དེ་ བྲེས་ཡོདཔ་ལས་ ཞིབ་དཔྱད་འབད་བར་ འུང་བོ་རོང་སྤྱི་འོག་ནང་ འགྱོ་ནི་ལུ་ གདོང་ལེན་འབྱུང་ནི་དང་ སོ་ནམ་ཞིང་ལམ་ཚུ་ཡང་ བསུབས་ཡོདཔ་ལས་ ས་ཁོངས་ནང་ ཞིབ་དཔྱད་འབད་བར་ འགྱོ་མི་ཚུགས་པས་ཟེར་ སོ་ནམ་རྒྱ་སྐྱེད་འགོ་དཔོན་གྱིས་ བཤདཔ་ཨིན་པས།
བཀྲིས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ གེ་ཟ་ཤིང་ཚུ་ བརྒྱ་ཆ་༨༠ དང་༩༠ དེ་ཅིག་ ལོག་སྐྱེས་ནིའི་ འོས་འབབ་ཡོདཔ་ལས་ སོ་ནམ་པ་ཚུ་ལུ་ གེ་ཟ་ཤིང་ཚུ་ ཙོག་ཕུར་བརྡབ་སྟེ་ ཡར་ལོང་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
ཉམས་རྒུད་བྱུང་མི་ སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ གནམ་གཤིས་ལེགས་ཤོམ་འགྱོ་ནི་མེདཔ་ལས་ གེ་ཟ་དུམ་གྲ་རེ་ ལུས་མི་ཚུ་ཡང་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་ཡོདཔ་བཞིན་དུ་ དེ་ཚུ་ གནོད་སྐྱོན་རྐྱབ་པ་ཅིན་ བཟའ་ཚང་ཚུ་ ག་དེ་སྦེ་ འཚོ་སྐྱོང་འཐབ་ནི་ཨིན་ན་ ཚ་གྱང་ལངམ་མས་ཟེར་ཨིན་པས།
སྐྱེས་ལོ་༤༧ ལང་མི་ པདྨ་ཚེ་དབང་གིས་ སླབ་མིའི་ནང་ གེ་ཟ་ཞིང་ཨེ་ཀར་༡ ལྷགཔ་ཅིག་ གནོད་སྐྱོན་རྐྱབ་ཅི་ཟེར་ཨིནམ་ད་ བཟའ་ཚང་ནང་ལས་ ཞིང་ནང་ལཱ་འབད་མི་ ཁོ་ར་རྐྱངམ་གཅིག་འབདཝ་ལས་ ཉིན་ནུབ་མེད་པར་ རི་དྭགས་སེམས་ཅན་ཚུ་ལས་ ཐོག་སྲུང་མི་དེ་ ཆུད་ཟད་སོང་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། པདྨ་དགའ་ཚལ།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *