ལཱ་ཁུ་གཡུས་ཚན་གྱི་ སོ་ནམ་པ་ཚུ་གིས་ ཨེ་མའི་ཞིང་ནང་ གཡུར་མ་རྐྱབ་པའི་བསྒང་།

ཆར་ཆུ་དཀོན་མི་ལུ་བརྟེན་ སྤུ་ན་ཁའི་སོ་ནམ་པ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ སྤུ་ན་ཁ་ལུ་ ཨེ་མ་ཐོན་སྐྱེད་འབད་དེ་ ཟླཝ་ལྷགཔ་ཅིག་ལང་པའི་ཤུལ་ལས་ ད་རེས་ ཨེ་མའི་ལཱ་འབད་མི་ སོ་ནམ་པ་ཚུ་ འདས་པའི་ཉིནམ་དག་པ་ཅིག་གི་རིང་ ཆརཔ་མེད་མི་ལུ་བརྟེན་ ཨེ་མའི་ཞིང་ཚུ་ འབུབ་ཀྱིས་ གནོད་པ་རྐྱབ་ནིའི་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
སྤུ་ན་ཁ་ མགུ་མ་རྒེད་འོག་ ལཱ་ཁུ་གཡུས་ཚན་ལས་ སྐྱེས་ལོ་༤༠ ལང་མི་ སྒྲོལ་མ་གིས་ སླབ་མིའི་ནང་ ཨེ་མ་ཚུ་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༥ པ་དང་༦ པའི་བར་ན་ ཐོན་སྐྱེད་འབད་དེ་ ཚོང་འབྲེལ་འཐབ་དོ་ཟེར་ ཨིན་པས།
མོ་གིས་ བཤད་མིའི་ནང་ ད་ཚུན་ ཨེ་མ་ཚུ་ རེ་བ་བསྐྱེད་དོ་བཟུམ་སྦེ་ ཐོན་སྐྱེད་འབད་ཡོད་རུང་ འཕྲལ་ཁམས་ཅིག་ལས་ གནས་སྟངས་སྐྱོ་དྲགས་འགྱོ་ནི་ འགོ་བཙུགས་ཞིནམ་ལས་ དུས་ཅིའི་ཐོན་སྐྱེད་ལུ་ མི་གནོད་ག་མནོ་བའི་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
ད་ཚུན་ སྒྲོལ་མ་གིས་ ཨེ་མ་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༧༠,༠༠༠ དེ་ཅིག་བཟོ་ཡོདཔ་ད་ བསྡོམས་ཀྱིས་ འོང་འབབ་དངུལ་ཀྲམ་༡༥༠,༠༠༠ དེ་ཅིག་ བཟོ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༠ ལང་མི་ པ་སངས་དབང་མོ་གིས་ སླབ་མིའི་ནང་ མོ་གིས་ འབུབ་ཁྱབ་སྤེལ་འགྱོ་ནི་ལས་ བཀག་འཛིན་འབད་ནིའི་དོན་ལུ་ སོ་ནམ་འགོ་དཔོན་ཚུ་གིས་བྱིན་མི་ ཧིང་ལག་ལེན་འཐབ་ཡོད་རུང་ ད་རེས་ ཨེ་མ་ལུ་སྐྱོན་རྐྱབ་ཡོདཔ་ད་ དེ་ཡང་ འདས་པའི་ཉིནམ་དག་པ་ཅིག་གི་རིང་ ཆརཔ་མ་རྐྱབ་ནི་དེ་གིས་ ཉིམ་ཤུགས་སྦེ་ཤར་མི་ལུ་བརྟེན་ ཧེ་མ་ཚུ་ སྐམ་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ སྤུ་ན་ཁའི་སོ་ནམ་པ་ཚུ་གིས་འབད་བ་ཅིན་ ཨེ་མ་ཚུ་ལུ་ འབུབ་ཀྱིས་གནོད་སྐྱོན་རྐྱབ་མི་ལུ་བརྟེན་ འོང་འབབ་བཟོ་མ་ཚུགས་པར་ཡོད་ཟེར་ཨིནམ་ད་ སྒྲོལ་མ་གིས་ སླབ་མིའི་ནང་ ཨེ་མ་དེ་ འབབ་ཁུངས་གཙོ་བོ་ཅིག་འབདཝ་ལས་ གནོད་པ་རྐྱབ་པའི་ལོ་རྒྱུས་གོཝ་ད་ སེམས་ཁར་འདྲོག་བྱེལ་ཡང་ འཐབ་མས་ཟེར་ཨིན་པས།
ད་རེས་ནངས་པར་ ཨེ་མ་ཕད་ཙི་རེ་ལུ་ དངུལ་ཀྲམ་༢༠༠༠ རེ་དང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༣༠ རེ་སྦེ་ བཙོང་དོ་ཡོདཔ་ད་ འགོ་དང་པ་ཨེ་མ་ཐོནམ་ད་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༦༠༠ རེ་དང་ ཕད་ཙི་རེ་ལུ་ དངུལ་ཀྲམ་༥༠༠༠ རེ་སྦེ་ ཚོང་འབྲེལ་འཐབ་ཡོདཔ་ཨིན་པས།
ད་རེས་ ཐོན་སྐྱེད་ཚུ་ མང་ཤོས་ར་ ཐིམ་ཕུག་དང་ དབང་འདུས་ལུ་ བཙོང་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༢༠ ལང་མི་ ཟླ་བ་གིས་ སླབ་མིའི་ནང་ ཁྲོམ་ཁར་ དོ་འགྲན་ཡོད་མི་ལུ་བརྟེན་ ཨེ་མའི་གོང་ཚད་ཚུ་ བབས་འགྱོཝ་མས་ཟེར་ཨིནམ་ད་ ཤར་ཕྱོགས་ལས་ ཐོན་སྐྱེད་འབད་མི་ཨེ་མ་ཚུ་ཡང་ ཁྲོམ་ཁར་ལྷོད་ནུག་ཟེར་ཨིན་པས།
སྤུ་ན་ཁ་ལུ་འབད་བ་ཅིན་ སྤྱི་ཟླ་༡༢ པའི་ནང་ལས་ར་ ཨེ་མ་འཛུགས་སྐྱོང་གི་ལཱ་ཚུ་ འགོ་བཙུགས་དོ་ཡོདཔ་བཞིན་དུ་ གཞན་དང་ཕྱདཔ་ད་ ཧ་སུ་སྦེ་ ཐོན་སྐྱེད་འབད་དོ་ཡོདཔ་ལས་ འོང་འབབ་མངམ་བཟོཝ་ཨིན་རུང་ གནམ་དགུན་ལུ་ བ་མོ་གིས་ མེདཔ་གཏང་ཉེན་ཡོད་ཟེར་ ཟླ་བ་གིས་ བཤད་ཅི།
ད་ལྟོ་ སྐྱེས་ལོ་༤༠ ལང་མི་ མིག་དམར་གྱིས་ ས་ཞིང་ཨེ་ཀར་༡ ནང་ ཨེ་མ་འཛུགས་སྐྱོང་འབད་མི་ལས་ དངུལ་ཀྲམ་༡༨༠,༠༠༠ དེ་ཅིག་ བཟོ་ཡོདཔ་ད་ བསྡོམས་ཀྱིས་དངུལ་ཀྲམ་༣༠༠,༠༠༠ དེ་ཅིག་ འོང་འབབ་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མིག་དམར་གྱིས་ མོ་རའི་ཐོན་སྐྱེད་ཚུ་ བ་འཇོ་དང་ སྤུ་ན་ཁ་ལུ་ བཙོང་དོ་ཡོདཔ་ད་ ཐིམ་ཕུག་ལུ་ བསྐྱལ་ནིའི་ཐད་ཁར་ སྣུམ་འཁོར་མེད་ནི་དེ་གིས་ ལཱ་ཁག་ཡོད་པའི་ཁར་ གོང་ཚད་ཚུ་ཡང་ མར་བབས་འགྱོཝ་མས་ཟེར་ སླབ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *