ཆ་གླིང་ལུ་ རླུང་འཚུབས་ཀྱིས་ ཁྱིམ་ཐོག་འཕྱགས་བདའ་མིའི་མཐོང་སྣང་།

ཆར་ཆུ་གིས་ ཁྱིམ་དང་ལོ་ཐོག་ གློག་མེ་ལུ་གནོད་སྐྱོན།

༉ སྤྱི་ཟླ་༥ པའི་ཚེས་༢༠ ལས་འགོ་བཙུགས་ མོང་སྒར་རྫོང་ཁག་ནང་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ ཐང་རོང་རྒེད་འོག་ནང་ འཁོར་ལམ་གུ་ལས་ ཆུ་རུད་ཐོནམ་ད་ ཚེ་སྲོག་ལུ་ གནོད་ཉེན་ཡོད་མི་ བཟའ་ཚང་༣ ཉེན་སྲུང་ལྡན་པའི་ ས་ཁོངས་ནང་ སྤོ་བཤུད་འབད་ནུག།
བཟའ་ཚང་ཚུ་ཡང་ རྒེད་འོག་བདག་སྐྱོང་གིས་ རྒྱབ་སྐྱོར་འབད་དེ་ གནས་སྐབས་ཅིག་གི་དོན་ལུ་ ཆུ་ཤོག་བཀབ་སྟེ་བཟོ་ཡོད་མི་ སྦ་སྒོར་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།
ཆ་གླིང་རྒེད་འོག་ནང་ཡང་ སྤྱི་ཚེས་༢༠ གི་ཉིན་མར་ རླུང་འཚུབས་ཀྱིས་ ཐོག་ཚད་༡ འབད་མིའི་ ཁྱིམ་ཐོག་འཕྱགས་བདའ་མི་དེ་ རྒེད་འོག་དང་ ཁས་བླངས་པ་ དེ་ལས་ ཁྱིམ་ཚང་ཚུ་གིས་ དེ་ཚེ་ར་ ལྕགས་ཤོག་ལོག་བཀབ་ཞིནམ་ལས་ ཕྱི་རུ་ཁམས་ཅིག་ཁར་ མཇུག་བསྡུག་ཡོདཔ་ཨིན་པས།
ཁ་ཙ་ སྐྱེངས་མཁར་རྒེད་འོག་ནང་ ཁྱིམ་གུང་པ་༡ གི་ གེ་ཟ་ཞིང་ཌིསི་༦༠ དེ་ཅིག་ལུ་ རླུང་འཚུབས་ཀྱིས་ གནོད་སྐྱོན་རྐྱབ་པའི་ སྙན་ཞུ་ལྷོད་ཡོདཔ་ད་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་འགོ་དཔོན་ ཀརྨ་གིས་ སླབ་མིའི་ནང་ གནོད་སྐྱོན་ཚུ་ ད་ལྟོ་ བརྟག་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ད་རུང་ སི་ལམ་སྦིས་དང་ དགོངས་འདུས་ སྐྱེངས་མཁར་ འགྱུར་མེད་རྒེད་འོག་༤ དང་ འབྲས་སྤུངས་རྒེད་འོག་བཟུང་ལེན་དང་ ཚང་ཁ་གཡུས་ཚན་ཚུ་ནང་ ཁ་ཙ་དྲོ་པ་ཆུ་ཚོད་ཕྱེད་དང་༥ དེ་ཅིག་ལས་ གློག་མེ་མེདཔ་ཐལ་ཡོདཔ་ཨིན་པས།
ཨིན་རུང་ རྒེད་འོག་གཞན་༣ ནང་ གློག་མེ་བཅོ་སྟེ་ ཁ་ཙ་དྲོ་པ་ཆུ་ཚོད་༡༠ དེ་ཅིག་ལས་ ལོག་མཐུད་སྦྲེལ་འབད་ཡོད་རུང་ སི་ལམ་སྦིས་དང་ དགོངས་འདུས་ལུ་ ད་ལྟོ་ བཅོ་བའི་བསྒང་ཡོད་ཟེར་ཨིན་པས།
རྒྱལ་པོའི་ཞིང་འབྲུག་གློག་མེ་ལས་འཛིན་གྱི་ ཞབས་ཏོག་ཡན་ལག་ཡིག་ཚང་གི་ འགོ་འཛིན་པ་ ཀརྨ་རྒྱལ་མཚན་གྱིས་ སླབ་མིའི་ནང་ རྒེད་འོག་༣ གྱི་དོན་ལུ་ ཤིང་འགྱེལ་མི་ལུ་བརྟེན་ གློག་རྒྱུན་མེདཔ་བཏང་མི་དེ་ ཉམས་བཅོས་འབད་ཐོག་ལས་ གློག་མེ་བཏང་ཡོད་རུང་ རྒེད་འོག་༢ ཀྱི་དོན་ལུ་ བརྟག་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་༢ མཐུད་སྦྲེལ་འབད་མི་ གློག་རྒྱུན་དེ་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ གནོད་པ་བྱུང་ཡོདཔ་ཨིན་ན་ འཚོལ་ཞིབ་འབད་བའི་བསྒང་ཨིན་ཟེར་ཨིན་པས།
ཀརྨ་རྒྱལ་མཚན་གྱིས་འབད་བ་ཅིན་ ས་ཁོངས་ཚུ་ནང་ གློག་རྒྱུན་གྱི་ ལམ་བདའ་སྟེ་ ལག་ལེན་དང་ ཉམས་བཅོས་སྡེ་ཚན་བཏང་སྟེ་ཡོདཔ་ལས་ ས་ཁོངས་ཆ་མཉམ་ནང་ ནམ་མཇུག་བསྡུ་འོང་ག་ སླབ་མ་ཤེས་རུང་ ལས་བྱེདཔ་ཚུ་གིས་ སྐྱོན་ག་ཏེ་བདའ་ཟུནམ་ཅིག་ བཅོ་ཁ་རྐྱབ་སྟེ་ར་ སྡོད་འོང་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་ནང་འབད་བ་ཅིན་ སྤྱི་ཟླ་༥ པའི་ཚེས་༢༠ ལས་ ཁ་ཙ་ཚུན་ཚོད་ གནམ་སྤུབས་ཏེ་ ཆརཔ་ཟམ་ཟིམ་སྦེ་ རྐྱབ་ཡོདཔ་མ་གཏོགས་ རྐྱེན་ངན་བྱུང་པའི་ སྙན་ཞུ་མེདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *