ཆང་ལུ་བརྟེན་པའི་ཤི་རྐྱེན་ མཐོ་ཤོས་ཨིན་པའི་གསལ་སྟོན།

༉ ང་བཅས་རའི་ མི་སྡེ་ནང་ ཆང་ལུ་བརྟེན་པའི་གནོད་སྐྱོན་བྱུང་བའི་སྙན་ཞུ་ གཅིག་ཤུལ་གཉིས་ཤུལ་སྦེ་ཐོནམ་མ་ཚད་ རྒྱལ་ཁབ་ནང་ ཆང་གིས་ མཆིན་པ་མེདཔ་བཏང་སྟེ་ ཤི་རྐྱེན་བྱུང་མི་དེ་ མཐོ་ཤོས་ཅིག་ཨིན་པའི་ གསལ་སྟོན་འབདཝ་ཨིན་མས།
སྤྱི་ལོ་༢༠༡༨ ལུ་ ཆང་ལུ་བརྟེན་ མཆིན་པ་མེདཔ་ཐལ་མི་༡༡༣ ལུ་ ཤི་རྐྱེན་བྱུང་མི་དེ་ སྤྱི་ལོ་༢༠༡༧ ལུ་ མཆིན་པ་མེདཔ་ཐལ་མི་༡༦༧ ལུ་ ཤི་རྐྱེན་བྱུང་མི་དང་ཕྱདཔ་ད་ དུམ་གྲ་ཅིག་ མར་བབས་སོང་ཡོད་རུང་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིན་མས།
སྙན་ཞུ་དང་ བརྟག་ཞིབ་ཚུ་ནང་ ཆང་གིས་ ང་བཅས་རའི་མི་སྡེ་ནང་ ཚེ་སྲོག་ལུ་གནོད་པ་དང་ གྱོང་རྒུད་ག་དེམ་ཅིག་ བཀལཝ་ཨིན་ན་ གསལ་སྟོན་འབད་རུང་ གནས་སྟངས་ཡར་དྲག་འགྱོ་མ་ཚུགས་པའི་ གདོང་ལེན་བྱུངམ་ཨིན་མས།
ཆང་ལུ་བརྟེན་པའི་གནོད་ཉེན་དེ་ རང་བཞིན་གྱི་མེན་པར་ མི་གིས་བཟོ་བཟོཝ་ཅིག་འབདཝ་ལས་ ཚད་འཛིན་འབད་ཚུགསཔ་ཅིག་ཨིན་རུང་ རྩ་ལས་ར་ གདོང་ལེན་འབད་མ་ཚུགས་པའི་ གནད་དོན་ཅིག་ལུ་གྱུར་ཡོདཔ་ད་ འབྲེལ་ཡོད་དབང་འཛིན་གྱིས་ སྙན་ཞུ་འབད་བའི་ཁར་ བརྡ་བརྒྱུད་ནང་ ཨ་རྟག་ར་ ཆང་ལུ་བརྟེན་པའི་གནོད་ཉེན་སྐོར་ལས་ བརྡ་དོན་ཚུ་སྤེལ་རུང་ ལས་རིམ་གཞན་ཚུ་ནང་ གྲལ་གཏོགས་འབད་བའི་བསྒང་ལས་ ཡུདཔ་ཐེངས་ཅིག་ནང་ བརྗེད་འགྱོ་དོ་ཡོདཔ་ཨིན་མས།
ཆང་གི་ཐད་ཁར་ གོང་ཚད་ཁེ་ཏོག་ཏོ་སྦེ་ ག་ཏེ་ལས་ཡང་ འཐོབ་ཚུགས་པའི་ཁར་ ཆང་བཟོ་མི་དང་ ནང་འདྲེན་འབད་མི་ཚུ་ལུ་ཡང་ ཁེ་སང་ཆེ་བའི་ ཚོང་ལཱ་ཅིག་ཨིན་རུང་ མི་མང་རབས་ཅིག་གི་ ཚེ་སྲོག་ལུ་ བར་ཆད་རྐྱབ་ད་ མནོ་བསམ་ཐེབས་ཅིག་སྦེ་ར་ གཏང་དགོཔ་འདུག།
གཞུང་གི་ཐད་ཁར་འབད་རུང་ ལོ་བསྟར་བཞིན་དུ་ ཆང་ལུ་བརྟེན་པའི་ཟད་འགྲོ་ དངུལ་ཀྲམ་དུང་ཕྱུར་ལས་བཅད་དེ་ གནས་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས།
ང་བཅས་ར་ ཆང་དང་འབྲེལ་བའི་དཀའ་ངལ་ངོས་འཛིན་འབད་དེ་ ཡུན་རིང་སོང་ཡོད་རུང་ ད་ལྟོའི་བར་ན་ཡང་ སེལ་ཐབས་འབད་མ་ཚུགས་པའི་ གདོང་ལེན་བྱུང་མི་ལུ་ལྟཝ་ད་ ཡང་ཅིན་ ཆང་དེ་ལུ་ར་ དཀའ་ངལ་ཡོད་པའི་ ཚོར་སྣང་བྱུངམ་ཨིན་མས།
གསོ་བའི་ལྷན་ཁག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆང་བཙོང་ཐོག་ལས་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ ཐོབ་མི་དེ་གིས་ ཆང་ལུ་བརྟེན་པའི་གནོད་སྐྱོན་དང་ ལྕོགས་གྲུབ་མེདཔ་ཐལ་ནི་ དེ་ལས་ ལོ་ན་མ་རྒསཔ་ལས་ ཤི་རྐྱེན་བྱུང་མི་གནད་དོན་ཚུ་ལུ་ ཕན་ཁྱད་འབྱུང་མ་ཚུགས་རུང་ བཀག་འཛིན་འབད་ནིའི་ཚབ་ ཧེང་སྐལ་ར་ ཁྱབ་སྤེལ་འབད་ནི་ལུ་ གྲོས་ཐག་བཅདཔ་མས་ཟེར་ཨིན་མས།
ད་ལྟོ་ཚུན་ གྲོས་ཐག་བཅད་མི་ཚུ་ལུ་ལྟཝ་ད་ ཆང་བཙོང་མི་དང་ ཐོན་སྐྱེད་འབད་མི་ ཁྱབ་སྤེལ་བཏང་མི་ཚུ་གི་ཁ་ཐུག་ལུ་ འབད་དོ་བཟུམ་ཅིག་ཡོདཔ་ད་ གནས་སྟངས་ངོ་མ་འབད་བ་ཅིན་ འབྲུག་མི་ན་ཆུང་ཅིག་ལས་ འགོ་བཟུང་སྟེ་ རྒས་ཤོས་ཚུན་ ཆང་དང་འབྲེལ་བའི་ དཀའ་ངལ་བྱུང་སྟེ་འདུག།
ཆང་དང་གཅིག་ཁར་ དེང་སང་གི་ འཚོ་བའི་གནས་སྟངས་དང་འབྲེལ་བའི་ མ་འབུ་བའི་ནད་གཞི་ཚུ་གིས་ གསོ་བའི་ལྷན་ཁག་དང་ གཞུང་གི་བང་མཛོད་ལུ་ འབྱེམ་སྦོམ་སྦེ་ར་ ཕོག་བཅུག་དོ་ཡོདཔ་ལས་ གཙོ་རིམ་བཟུང་དགོཔ་འདུག།
དཔེ་འབད་བ་ཅིན་ ཆང་གིས་མེདཔ་བཏང་མི་ མཆིན་པ་ཚབ་བཙུགས་ནི་དང་ ཡང་ཅིན་ མཁལ་རྡོག་ཚབ་བཙུགས་ནིའི་ ཟད་འགྲོ་དེ་ མཐའ་ཟུར་གྱི་ སྨན་ཁང་ཚུ་གི་དོན་ལུ་ སྨན་རིགས་ཚུ་ ཉོ་སྒྲུབ་འབད་ནི་དང་ ཡང་ཅིན་ ཁྲག་སེལ་འཕྲུལ་ཆས་ཅིག་ ཉོ་སྒྲུབ་འབད་ནིའི་དོན་ལུ་ ཁ་བསྒྱུར་གཏང་པ་ཅིན་ འབྲུག་མི་སྤྱིར་བཏང་ལུ་ ཕན་ཁྱད་འབྱུང་ནི་ཨིན་མས།
གལ་སྲིད་ ལྷན་ཁག་གིས་ ཆང་གི་བཀྲམ་སྤེལ་ ཚད་འཛིན་འབད་ནི་ལུ་ དོ་འགྲན་འབད་མ་ཚུགས་པ་ཅིན་ གསོ་བའི་མཐུན་རྐྱེན་དང་ ཞབས་ཏོག་ཚུ་ རྩ་ལས་ར་ ཐོབ་སྤྱོད་འབད་མ་ཚུགས་པའི་ ཐབས་ཤེས་བཏོན་པ་ཅིན་ དྲག་ནི་བཟུམ་ཅིག་འདུག།

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *