༉ ང་བཅས་རའི་ རྒྱལ་ཁབ་ནང་ ད་ལྟོ་ཚུན་ མི་ལུ་ཤི་རྐྱེན་བྱུང་དགོ་པའི་ རྒྱུ་རྐྱེན་ངོ་མ་ཅིག་ ཆང་ལུ་བརྟེན་པའི་ མཆིན་ནད་ཐོབ་ནི་དེ་གིས་ཨིནམ་ད་ ནད་གཞི་གཞན་དང་ཕྱདཔ་ད་ མཆིན་ནད་ཐོབ་སྟེ་ ཤི་མིའི་གྱངས་ཁ་དེ་ མཐོ་དྲགས་སྦེ་ར་ གནས་སྡོད་ནུག།
ཨིན་རུང་ སྤྱི་ལོ་༢༠༡༨ ཀྱི་ ལོ་བསྟར་གསོ་བའི་སྙན་ཞུ་དང་འཁྲིལཝ་ད་ འདས་པའི་ལོ་ནང་ འབྲུག་མི་༡༦༦ ཆང་ལུ་བརྟེན་པའི་ མཆིན་ནད་ཐོབ་སྟེ་ ཤི་རྐྱེན་བྱུང་མི་དེ་ སྤྱི་ལོ་༢༠༡༦ གི་ ཚད་གཞི་དང་ཕྱདཔ་ད་ དུམ་གྲ་ཅིག་ མར་བབས་སོང་ནུག།
གསོ་བའི་སྙན་ཞུ་ནང་ སྤྱི་ལོ་༢༠༡༧ ལུ་འབད་བ་ཅིན་ རྒྱལ་ཁབ་ནང་ ཆང་ལུ་བརྟེན་པའི་ མཆིན་ནད་ཐོབ་སྟེ་ ཟླ་རིམ་བཞིན་དུ་ འབྲུག་མི་༡༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
འབྲུག་རྒྱལ་ཁབ་མཐའ་དབུས་མེད་པའི་ མི་ཚུ་གིས་ ཆང་ཁྱབ་ཆེ་དྲགས་སྦེ་ ལག་ལེན་འཐབ་མི་དེ་ཡང་ གཙོ་བོ་ར་ ང་བཅས་རའི་ ལམ་སྲོལ་ནང་ ཐ་ན་ རྟེན་འབྲེལ་བརྩི་སྲུང་ལས་ འགོ་བཟུང་སྟེ་ གསོན་གཤིན་གྱི་རིམ་གྲོ་ཚུ་ནང་ མེད་ཐབས་མེདཔ་ཅིག་ འབད་ནི་དེ་གིས་ཨིན།
དེ་འབདཝ་ལས་ ས་ཕྱོགས་གཡུས་ཕྱོགས་ ག་ཏེ་བལྟ་རུང་ ཆང་ལག་ལེན་མ་འཐབ་མི་ རྩ་ལས་མེདཔ་ད་ མི་སྡེ་ལ་ལོ་ཅིག་ནང་ གལ་སྲིད་ ཁྱིམ་ནང་འོང་མི་ མགྱོནམ་དེ་ལུ་ ཆང་བྱིན་ནི་མེད་པ་ཅིན་ ཁ་བཏངམ་ཨིན་མས།
ཨིན་རུང་ ཆང་གི་ལག་ལེན་ཐད་ཁར་ ཁྲོམ་སྡེ་ཚུ་ནང་ ཤུགས་ཆེ་སུ་ཅིག་སྦེ་ར་ འཐབ་དོ་ཡོད་མི་དེ་ཡང་ ཞི་གཡོགཔ་ཚུ་གི་ གོ་གནས་ཡར་སེང་རྟེན་འབྲེལ་དང་ གཉེན་སྦྱོར་གྱི་དགའ་སྟོན་བརྩི་སྲུང་ སྐྱེས་སྟོན་བརྩི་སྲུང་ དེ་ལས་ སྤུན་ཆ་དང་ཆ་རོགས་ཚུ་ འདུ་འཛོམས་འབད་བའི་སྐབས་ལུ་ ཆང་མེད་པ་ཅིན་ སྤྲོ་སྣང་མ་འབྱུང་ནི་དེ་གིས་ཨིན་མས།
མཐའ་ཟུར་གཡུས་ཚན་ ལ་ལོ་ཅིག་ནང་ ཨ་ལོ་ཆུང་ཀུ་ཚུ་ ཐ་ན་ སློབ་གྲྭ་ནང་ མ་བཙུགས་པའི་ཧེ་མ་ལས་ར་ ཕམ་ཚུ་གིས་ ཆང་འཐུང་བཅུག་པའི་ མཐོང་གསལ་བྱུང་མི་དེ་ ཡ་མཚན་ཆེ་དྲགས་ཅིག་ཨིནམ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཆང་ལུ་བརྟེན་པའི་ གནོད་ཉེན་སྐོར་ལས་ གོ་བརྡ་སྤྲོད་དགོཔ་འདུག།
ཆང་ལུ་བརྟེན་ རྒྱལ་ཁབ་ནང་ སྣུམ་འཁོར་གྱི་ཐུག་རྐྱེན་ཚུ་ ལོ་གཅིག་བ་ལོ་གཅིག་ མང་སུ་སྦེ་ར་ བྱུང་དོ་ཡོདཔ་ལས་ མི་ལྕོགས་གྲུབ་ཅན་ མང་རབས་ཅིག་ ཚེ་སྲོག་བྱང་ཡོདཔ་ཨིན།
དེ་མ་ཚད་ བཟའ་ཚང་ནང་འཁོད་ལུ་ཡང་ ཆང་ལུ་བརྟེན་ དཀའ་ངལ་ལེ་ཤ་བྱུང་བཅུག་པའི་ཁར་ བཟའ་ཚང་མང་རབས་ཅིག་ ཆང་གི་དབང་དུ་ཐལ་ཏེ་ གཉེན་ཡ་བྲལ་འགྱོ་དགོཔ་བྱུང་ནུག།
མ་གཞི་ ཆང་གི་ལག་ལེན་ཐད་ཁར་ ཚར་གཅིག་ལུ་ བཅད་མ་ཚུགས་རུང་ འགྲོས་ཀྱིས་སྦེ་ ཆང་འཐུང་ནི་ལས་ མར་ཕབ་རྐྱབ་ནི་དེ་ རང་གི་ལག་པར་ཡོདཔ་ལས་ གཙོ་བོ་དྲན་ཤེས་བཏོན་དགོཔ་ཁག་ཆེ།
གཅིག་ལས་བལྟ་བ་ཅིན་ ཆང་གི་ཆོག་ཐམ་ བཀག་དམ་འབད་ནི་དེ་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་རུང་ ཆང་བཟོ་འཕྲུལ་ཁང་ མང་སུ་ཐོན་དོ་ཡོདཔ་ལས་ ཆང་བཙོང་མི་ཚུ་གིས་འབད་རུང་ སྒྲིག་གཞི་ལུ་ གནས་མི་བཏུབ་པས།
གཞུང་གིས་ ལོ་བསྟར་བཞིན་དུ་ ཆང་གི་ནད་གཞི་ཐོབ་མི་ནདཔ་ཚུ་ བཅོ་ཁ་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ ཟད་འགྲོ་བཏང་ཡོདཔ་ད་ ཚ་གྱང་ཆེ་ཤོས་དེ་ར་ ཆང་གིས་ ང་བཅས་རའི་ ལྕོགས་གྲུབ་ཅན་གྱི་ འབྲུག་པའི་ན་གཞོན་ཚུ་གི་ མི་ཚེ་མེདཔ་བཏང་དོ་ཡོདཔ་ལས་ ཐབས་བྱུས་བཏོན་དགོཔ་འདུག།
Check Also
མི་སྡེའི་དགོས་མཁོ་བསྒྲུབ་ནི་ལུ་ གདོང་ལེན་དང་གོ་སྐབས་ཚུ་ བསྐྱར་ཞིབ་འབད་དགོཔ།
༉ རྒྱལ་ཁབ་ནང་ ཆུ་ལུ་བརྟེན་པའི་གློག་མེ་ལས་འགུལ་ཚུ་ དུས་ཐོག་སྒྲུབ་མ་ཚུགས་པར་ ཡུན་འགྱངས་ལུས་པའི་ གནད་དོན་ཚུ་ ང་བཅས་ར་ ཤེས་རྟོགས་འབྱུང་དགོཔ་འདུག། བཙག་འཐུ་ལས་གྲུབ་པའི་ གཞུང་གསུམ་ཆ་ར་ གློག་མེ་ལས་འགུལ་ཚུ་གི་ བཟོ་སྐྲུན་དང་གོང་འཕེལ་ནང་ འབྲེལ་གཏོགས་ཡོདཔ་བཞིན་དུ་ ཆ་མཉམ་གྱིས་ ཡུན་འགྱངས་ལུས་པའི་རྒྱུ་མཚན་ …