ཅ་ཆས་དང་ཞབས་ཏོག་ཁྲལ་ སྤྱི་ལོ་༢༠༢༡ གི་ ཟླཝ་༧ པའི་ནང་འཁོད་ལུ་ འགོ་བཙུགས་ཚུགསཔ་འབད་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་ དཔྱད་ཡིག་༢༠༢༠ ཅན་མ་ ཆ་འཇོག་འབད་མི་དང་འབྲེལ་ ཁྲལ་བཀལ་ནི་དེ་ སྤྱི་ལོ་༢༠༢༡ ཟླ་༧ པའི་ཚེས་༡ དེ་ཅིག་གི་ནང་འཁོད་ལུ་  འགོ་བཙུགས་ཚུགསཔ་འབད་ནི་ཨིན་པས།

ཨིན་རུང་ དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ གྲོས་བསྡུར་འབད་ནིའི་དོན་ལས་ གཏང་ནི་ཨིནམ་ད་  དགྲ་མེད་རྩེ་སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་ ཁྲལ་གསརཔ་བསྟར་སྤྱོད་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་དགོཔ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ དུས་ཚོད་བྱིན་དགོ་པའི་ ཞུ་བ་ཕུལ་ཡི།

འཐུས་མི་གིས་ ཁྲལ་གྱི་རིམ་ལུགས་ འགོ་བཙུགས་ནིའི་དོན་ལུ་ མཉེན་ཆས་ཚུ་ བཙུགས་དགོཔ་ལས་ དེ་གི་དོན་ལུ་ དུས་ཚོད་དགོ་ནི་ཨིནམ་ལས་ བསྟར་སྤྱོད་ཚེས་གྲངས་བཀག་མ་བཞག་པ་ཅིན་ མཉེན་ཆས་བཙུགས་མི་ ཚོང་ཁང་ལ་ལོ་ཅིག་གིས་ དུས་ཚོད་བྱིན་མི་ལས་ཡང་ ཕར་འགྱངས་འབད་དགོཔ་སྦེ་ སླབ་མི་འཐོན་འོང་ཟེར་ཞུ་ཡི།     

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཁྲལ་འགོ་བཙུགས་ནིའི་དོན་ལུ་ ཟླཝ་༦ དེ་ཅིག་ནང་ འབད་ཚར་ནི་ཨིནམ་ལས་ དེ་གི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༥༧༥ བཞག་སྟེ་ཡོད་ཟེར་ཞུ་ཡི།

ཁྲལ་བཀལ་ནི་དེ་ ག་དེས་མགྱོགས་མགྱོགས་ འབད་ཚུགས་པ་ཅིན་ གཞུང་ལུ་ ཁེ་ཕན་ཡོད་པའི་ཁར་ ལམ་ལུགས་དེ་ གཞི་བཙུགས་འབད་མ་ཚུགས་པ་ཅིན་ གཞུང་ལུ་ གྱོང་རྒུད་ཕོག་འོང་ཟེར་ཞུ་ཡི།

གཞུང་གིས་ ཁྲལ་བསྟར་སྤྱོད་འབད་ནི་དེ་ སྤྱི་ལོ་༢༠༢༢ ཀྱི་ཟླཝ་༧ པའི་ནང་འཁོད་ལུ་ འབད་ཚུགསཔ་བཟོ་ནི་ཟེར་ཨིནམ་ད་ དེ་མིན་ གཞུང་གིས་ འཐུས་ཤོར་བའི་རྟགས་ཨིན་ཟེར་ཞུ་ཡི།

བློན་ཆེན་གྱིས་ བསྟར་སྤྱོད་འབད་ནི་དེ་ དུས་ཚོད་ཁར་ འབད་མ་ཚུགས་པ་ཅིན་ ཚོགས་ཁང་ནང་ སྙན་ཞུ་འབད་འོང་ཟེར་གསུངས་ཡི།

ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ་གིས་ བློན་ཆེན་གྱི་ གྲོས་འབུལ་ལྟར་ སྤྱི་ལོ་༢༠༢༢ ཀྱི་ནང་འཁོད་ལུ་སྦེ་ བཞག་པ་ཅིན་ དུས་ཚོད་ཕྱིས་ནི་ཨིནམ་ལས་ དུས་ཚོད་རན་ཏོག་ཏོ་དེ་ སྤྱི་ལོ་༢༠༢༡ པའི་ནང་འཁོད་ལུ་ འབད་ཚུགས་པ་ཅིན་ སྟབས་བདེ་འོང་ཟེར་ཞུ་ཡི།

ཁྲལ་གྱི་ལམ་ལུགས་ འགོ་བཙུགས་ནི་དང་ མི་བཙུགས་ནི་ལུ་མེན་པར་ དེ་གིས་ རྒྱལ་ཁབ་དང་ མི་དམངས་ལུ་ རྒུད་ཕོག་ནི་ཨིནམ་ལས་ གཞུང་སྐྱོང་དང་ ལྡོག་ཕྱོགས་གཉིས་ཆ་ར་གིས་ དེ་ལུ་ རྒྱབ་སྐྱོར་འབད་དགོ་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ཞུ་ཡི།

ལམ་ལུགས་དེ་གི་དོན་ལུ་ མཉེན་ཆས་ཚུ་ བཙུགས་ནིའི་དོན་ལུ་ གྲ་སྒྲིག་གི་ལཱ་ཚུ་འབད་དགོཔ་ལས་ དུས་ཚོད་བྱིན་དགོ་ཟེར་ཨིནམ་ད་ དེ་དང་འབྲེལ་བའི་ ཁྲིམས་ལུགས་ཀྱི་ལཱ་ཚུ་ཡང་ འབད་དགོཔ་ལས་ དེ་ཚུ་ཡང་ ཁྲིམས་མཐུན་འབད་དགོ་ཟེར་ཞུ་ཡི།

དཔྱད་ཡིག་དེ་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ འཐུས་མི་༤༣ ཡོད་ས་ལས་ དགོ་ཟེར་མི་༣༤ དང་ མི་དགོ་ཟེར་མི་༡ དེ་ལས་ འཛེམ་སྡོད་མི་༨ ཡོདཔ་བཞིན་དུ་ མང་མོས་ཐོག་ལས་ཆ་འཇོག་གྲུབ་ཡོད་པའི་གནས་ཚུལ།

ཚེ་རིང་ནོར་བུ།

About admin

Check Also

བིམསི་ཊེག་གི་ ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོ་དེ་ ཁྲིམས་འགལ་མེནམ།

༉ གཞུང་གིས་ འབྲུག་མཉམ་རུབ་ཚོགས་པ་ གཞི་བཙུགས་འབད་མི་ བསྟན་འཛིན་ལེགས་འཕེལ་དེ་ བིམསི་ཊེག་གི་ ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོ་སྦེ་ ངོས་འཛིན་གྲུབ་མི་དེ་ ཁྲིམས་ལས་འགལ་བ་མེད་ཟེར་ཨིན་པས། དེ་ཡང་ ཁ་ཙ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ བརྡ་བརྒྱུདཔ་ཚུ་ལུ་ གསུངས་ཡོདཔ་ད་ …

Leave a Reply

Your email address will not be published. Required fields are marked *