ངམ་བི་ནང་གཡུས་ཚན་ནང་ འཁོར་ལམ་མེད་མི་ལུ་བརྟེན་ ནདཔ་ཅིག་དཔྱ་ཤིང་གུ་བཀལ་ཏེ་ སྨན་ཁང་ནང་ འབག་འགྱོ་བའི་བསྒང་།

ངམ་བི་ནང་གི་ མི་སེར་ཚུ་ དང་ཕུའི་གནས་སྟངས་ཐོག་ལུ་ར་ཡོདཔ།

༉ རྫོང་ཁག་མང་ཤོས་ཅིག་གི་ མཐའ་ཟུར་གཡུས་ཚན་ཚུ་ནང་ སོ་ནམ་ཞིང་ལམ་གྱིས་ མཐུད་སྦྲེལ་འབད་དེ་ཡོདཔ་ལས་ གསོ་བའི་སྨན་བཅོས་ཞབས་ཏོག་དེ་ འཇམ་ཏོག་ཏོ་སྦེ་ སྤྱོད་ཚུགསཔ་ཨིན་རུང་ རྒྱལ་ཁབ་ཀྱི་ རྫོང་ཁག་སྦོམ་ཤོས་ཅིག་ཨིན་མི་ བཀྲིས་སྒང་ལུ་ དེང་སང་གོང་འཕེལ་གྱི་ ཁེ་ཕན་སྤྱོད་མ་ཚུགས་པར་ལུས་མི་ གཡུས་ཚན་ཅིག་འདུག།
དེ་ཡང་ ཡང་གཉེར་རྒེད་འོག་ ངམ་བི་ནང་གཡུས་ཚན་ནང་ གཞི་རྟེན་གྱི་མཐུན་རྐྱེན་ སོ་ནམ་ཞིང་ལམ་མེད་པའི་ཁར་ གཞི་རྟེན་སྨན་ཁང་ཡང་ ཉེ་འདབས་ལུ་མེདཔ་ལས་ གློ་བུར་དུ་ན་མི་ནདཔ་ཚུ་ དང་ཕུ་བཟུམ་སྦེ་ར་ དཔྱ་ཤིང་གུ་བཀལ་ཏེ་ སྨན་ཁང་ནང་ བསྐྱལཝ་ཨིན་པས།
ནདཔ་ཅིག་ དཔྱ་ཤིང་གུ་བཀལ་ཏེ་ འབག་ནིའི་དོན་ལུ་ ཕོ་སྐྱེས་༤ དགོཔ་མ་ཚད་ ཉེ་འདབས་ཀྱི་ སྨན་ཁང་ཚུན་བསྐྱལཝ་ད་ ལམ་ཀི་ལོ་མི་ཊར་༤ ལྷགཔ་ཅིག་ འགྱོ་དགོཔ་ལས་ དུས་ཡུན་ཆུ་ཚོད་༣ འགོརཝ་མས་ཟེར་ཨིན་པས།
ཁྱིམ་གུང་༡༣ ལྷགཔ་ཅིག་ཡོད་མི་ ངམ་བི་ནང་གཡུས་ཚན་དེ་ མོང་སྒར་རྫོན་ཁག་ ན་རང་རྒེད་འོག་དང་ ཡང་གཉེར་རྒེད་འོག་གི་ ས་མཚམས་ཁར་ ཆགས་ཡོད་པའི་གུ་ རྒེད་འོག་དེ་གི་ མཐའ་ཟུར་གཡུས་ཚན་ཅིག་ཨིན་པས།
གཡུས་ཚན་ནང་ ཞིང་ལམ་མཐུད་སྦྲེལ་འབད་ནིའི་དོན་ལུ་ གོང་ཐུང་ལས་ ཀི་ལོ་མི་ཊར་༣ དེ་ཅིག་གི་ས་གནས་ ཀུ་ཀུ་རི་ཚུན་ བསལ་ཡོདཔ་ད་ དེ་ཁ་ལས་ ཅ་ཆས་ག་ཅི་ར་ཨིན་རུང་ མི་དང་ རྟ་ཚུ་གིས་ སྐྱེལ་འདྲེན་འབདཝ་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ འཁོར་ལམ་མེད་མི་ལུ་བརྟེན་ དཀའ་སྡུག་ཐོག་ལུ་ར་སྡོད་དགོཔ་ འཐོན་ནི་མས་ཟེར་ བཤད་ཡོདཔ་ད་ སོ་ནམ་པ་ སངས་རྒྱས་ཀྱིས་ སླབ་མིའི་ནང་ གྲོང་གསེབ་ཀྱི་ མི་ནཝ་ད་ དཔྱ་ཤིང་གུ་ འབག་འགྱོཝ་ད་ སྟབས་མི་བདེ་བའི་ཁར་ ནདཔ་དེ་ སྨན་ཁང་ནང་ བསྐྱལ་མ་ཚུགསཔ་ལས་ ལམ་བར་ན་ ཤི་རྐྱེན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ བཤདཔ་ཨིན་པས།
སྐྱེས་ལོ་༣༥ ལང་མི་ བསོད་ནམས་རྒྱ་མཚོ་གིས་འབད་བ་ཅིན་ ཟླཝ་༡ ནང་ ནདཔ་གཉིས་དང་ ལོ་༡ ཉུང་ཤོས་ར་ ལན་ཐེངས་༦ དེ་རེ་ དཔྱ་ཤིང་གུ་བཀལ་ཏེ་ སྨན་ཁང་ནང་ བསྐྱལ་དགོཔ་ ཐོནམ་མས་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ཡང་ ནདཔ་ཕོ་སྐྱེས་ཅིག་ དཔྱ་ཤིང་ལག་ལེན་འཐབ་སྟེ་ བསྐྱལ་དགོཔ་ཐོན་ཡི་ཟེར་ ཁོ་གིས་ བཤད་པའི་ཁར་ འཁོར་ལམ་མེད་ནི་དེ་གིས་ ཨ་ཙི་རེ་ན་མི་ཚུ་ སྨན་ཁང་ནང་ འགྱོ་ནི་མེདཔ་ལས་ ནདཔ་ཚབས་ཆེན་རྐྱངམ་གཅིག་ དཔྱ་ཤིང་གུ་བཀལ་ཏེ་ འབག་འགྱོ་དོ་ཟེར་ བཤདཔ་ཨིན་པས།
སྐྱེས་ལོ་༥༥ ལང་མི་ ཕངས་སྐྱིད་ཀྱིས་ སླབ་མིའི་ནང་ ངམ་བི་ནང་ གཡུས་ཚན་དེ་ གནམ་གཤིས་བསིལ་དྲོད་དང་ ལྡན་ཏོག་ཏོ་ཡོདཔ་ལས་ འབྲུ་སྣ་༩ འཚོ་བཏུབ་པའི་ ས་གནས་ཅིག་ཨིན་རུང་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ སྐྱེལ་འདྲེན་འབད་སའི་ ལམ་མེདཔ་ལས་ མི་སེར་ཚུ་གིས་ ཚོད་བསྲེ་རང་བཟའ་སྤྱོད་འབད་ནིའི་དོན་ལུ་རྐྱངམ་གཅིག་ འཛུགས་སྐྱོང་འབདཝ་མས་ཟེར་ཨིན་པས།
ཡང་གཉེར་རྒེད་འོག་ནང་ སྤྱི་འོག་དང་ གཡུས་ཚན་ག་རའི་ནང་ ཞིང་ལམ་བཏོན་ཡོད་རུང་ ངམ་བི་ནང་རྐྱངམ་གཅིག་ནང་ ཞིང་ལམ་མ་སེལ་བར་ ལུས་ཡོདཔ་ཨིན་ན་ ཧ་མི་གོ་བས་ཟེར་ གཡུས་མི་ཅིག་གིས་ བཤད་པའི་ཁར་ ཞིང་ལམ་དགོ་པའི་སྐོར་ལས་ རྒེད་འོག་བདག་སྐྱོང་ལུ་ སྤྱི་ལོ་༢༠༠༨ ལས་ར་ སྙན་ཞུ་འབད་ཡོད་རུང་ ལམ་སེལ་ནི་མིན་འདུག་ཟེར་ བཤདཔ་ཨིན་པས།
སོ་ནམ་པ་གཞན་ཅིག་གིས་ སླབ་མིའི་ནང་ བཙག་འཐུའི་སྐབས་ སྲིད་དོན་ཚོགས་པ་དང་ ས་གནས་ཀྱི་ འགོ་ཁྲིདཔ་ཚུ་གིས་ འཁོར་ལམ་སེལ་བྱིན་འོང་ཟེར་ ཁས་བླངས་འབད་ཡོད་རུང་ བཙག་འཐུ་གྲུབ་ཞིནམ་ལས་ ག་ཅི་ཡང་ འབད་སར་མི་མཐོངམ་མས་ཟེར་ཨིནམ་ད་ རྒེད་འོག་གིས་ གྲོས་འཆར་མ་བཙུགསཔ་ཨིན་ན་ ཡང་ཅིན་ གཞུང་གིས་ མ་དངུལ་མ་བྱིནམ་ཨིན་ན་ ཧ་མི་གོ་བས་ཟེར་ བཤདཔ་ཨིན་པས།
ཡང་གཉེར་གྱི་ རྒཔོ་གྲུབ་ཐོབ་ཀྱིས་ ཞིང་ལམ་སེལ་ནིའི་དོན་ལུ་ ལཱ་ཚུ་འབད་ཚར་ཡི་ཟེར་ བཤད་པའི་ཁར་ ད་ལྟོ་ རང་བཞིན་གནས་སྟངས་ཀྱི་ ཉོགས་མེད་ཡི་གུ་ལུ་ སྒུག་དོ་ཡོདཔ་ལས་ ཤུལ་མའི་རྩིས་ལོ་ནང་ འཁོར་ལམ་སེལ་ཚུགས་པའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།
གཡུས་ཚན་གྱི་ གནས་སྟངས་སྐོར་ལས་ རྒེད་འོག་བདག་སྐྱོང་གིས་ ལེགས་ཤོམ་སྦེ་ར་ ཧ་གོ་སྟེ་ཡོདཔ་ལས་ དེ་གི་དོན་ལུ་ མ་དངུལ་ཡང་ དངུལ་ཀྲམ་ས་ཡ་༦.༥ ལྷགཔ་ཅིག་ ཚོད་རྩིས་བཏོན་ཏེ་ཡོད་ཟེར་ རྒཔོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *