ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཁྲིམས་དོན་བསམ་བཀོད་འབད་ནིའི་ འགན་དབང་མེདཔ།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲིམས་ཀྱི་དགོངས་དོན་ཚུ་གི་སྐོར་ བསམ་འཆར་བཀོད་ནིའི་ འགན་དབང་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་མ་གཏོགས་ ལྷན་ཚོགས་ལུ་མེད་ཟེར་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཡི་གུ་བྲིས་ཡོདཔ་ཨིན་པས།

དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གྱིས་ གཞུང་གི་ཁ་ཐུག་ལས་ བསྟན་འཛིན་ལེགས་འཕེལ་དེ་ བེ་ཨོཕ་བེང་གཱལ་གྱི་ འཕྲུལ་རིག་དང་དཔལ་འབྱོར་མཉམ་འབྲེལ་རྩོལ་སྒྲུབ་༼བིམསི་ཊེག༽ ཀྱི་དོན་ལུ་ ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོ་སྦེ་ བཏོན་མི་དེ་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དགོངས་དོན་ཚུ་ལས་ འགལ་མ་ཡོདཔ་བཟུམ་ མཐོང་སྣང་བྱུངམ་ལས་ ལྷན་ཚོགས་ལུ་ བལྟ་དགོཔ་སྦེ་ ཡི་གུ་བྲིས་ཡོདཔ་ཨིན་པ།

ལྷན་ཚོགས་ཀྱིས་ འགན་དབང་མེད་པའི་སྐོར་ སྤྱི་ཟླ་༩ པའི་ཚེས་༢༡ ལུ་ ཚོགས་སྡེ་ལུ་ ལན་གསལ་ཡི་གུ་བྲིས་ནུག།

རྒྱལ་ཡོངས་ཚོགས་སྡེ་གིས་ ཕྱི་འབྲེལ་དྲུང་ཆེན་ལུ་ འབྲུག་ལས་ གོ་གནས་ཀྱི་ གདམ་ངོ་བཏོན་ནིའི་དོན་ལུ་ ཁྱད་ཚད་ག་དེ་སྦེ་ར་ ཡོདཔ་ཨིན་ན་དང་ དྭངས་གསལ་གྱི་དོན་ལུ་ གོ་གནས་དེ་གི་ ས་སྟོང་གསལ་བསྒྲགས་འབད་མ་འབད་ དེ་ལས་ འདེམས་ངོ་གཞན་ཚུ་ཡང་ བལྟ་མ་བལྟ་ དོགས་སེལ་འབད་གནང་ཟེར་ ཡི་གུ་བྲིས་མིའི་ ལན་གསར་ཡི་གུ་ཐོབ་རུང་ ཡིད་ཆེས་འདྲོངས་ཚུགསཔ་མེདཔ་ལས་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ བློན་ཆེན་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བྲིས་ཡོདཔ་ཨིན་པས།

ཡི་གུ་དེ་ནང་ གདམ་ངོ་བཏོན་མིའི་ གནད་དོན་ཚུ་ལུ་ བསྐྱར་ཞིབ་འབདཝ་ད་ བསྟན་འཛིན་ལེགས་འཕེལ་དེ་ འབྲུག་མཉམ་རུབ་ཚོགས་པའི་ ཐོ་བཀོད་ཅན་གྱི་ འཐུས་མི་ལས་ དགོངས་ཞུ་མ་འབད་བར་ཡོདཔ་ བསྐྱར་ཞིབ་ཚོགས་ཁང་ལུ་ ཤེས་རྟོགས་བྱུང་ཡི་ཟེར་བཀོད་ནུག།

སྲིད་དོན་ཚོགས་པ་ཅིག་གི་ཐོག་ལས་ གཞུང་དང་འབྲེལ་གནད་ཡོད་མི་ལུ་བརྟེན་ བསྟན་འཛིན་ལེགས་འཕེལ་དེ་ བིམསི་ཊེག་གི་ ཡོངས་ཁྱབ་དྲུང་ཆེན་སྦེ་ གདམ་ངོ་བཏོན་མི་དེ་ ཚོགས་སྡེའི་འཆར་སྣང་ལུ་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དོན་ཚན་༥༤ དང་༥༨ དེ་ལས་༦༣ གྱི་དགོངས་དོན་ཚུ་དང་ རྒྱབ་འགལ་འགྱོ་ནི་བཟུམ་འདུག་ཟེར་ ཚོགས་སེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་གིས་ མིང་རྟགས་དང་བཅས་བཏང་མི་ ཡི་གུ་ནང་བཀོད་ནུག།

ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དོན་ཚན་༥༤ པའི་ནང་ ཤན་ཞུགས་དོན་ལུ་ ཁེ་ཕན་བྱིན་པ་ཟེར་ འཁོད་ཡོད་མི་དེ་ཡང་ མི་ངོ་རང་སོའི་ངོ་མ་ ཡང་ན་ བསམ་ཚོད་ཤན་ཞུགས་ཉེར་སྤྱོད་འབད་དེ་ མི་མང་ལས་སྡེ་ཅིག་ལས་ ལཱ་ ཡང་ན་ ལཱ་གཡོག་ གན་འཛིན་ ཁེ་གྱོང་གཞན་འཐོབ་ནིའི་དོན་ལུ་ མི་ངོ་གཞན་ཅིག་ལུ་ ཐད་ཀར་ ཡང་ན་ བརྒྱུད་དེ་ ཁེ་ཕན་གང་རུང་ ཁས་བླངས་འབད་བའམ་ སྤྲོད་འདོད་བརྗོད་པ་ ཡང་ན་ བྱིན་པའི་མི་ངོ་ལུ་ གནོད་འགེལ་ཅིག་གི་ ཉེས་སྐྱོན་ཨིནམ་སྦེ་ བརྩི་དགོཔ་ཨིན་པས།

དོན་ཚན་༥༨ པ་དེ་ ལོག་སྤྱོད་གྲངས་སུ་ཚུད་པའི་ བྱ་སྒོ་སྐོར་ལས་ཨིནམ་ད་ དེ་ཡང་ སྤྱི་གཡོགཔ་ཅིག་གིས་ ཁོ་/མོ་ ཡང་ན་ མི་ངོ་གཞན་གྱི་དོན་ལུ་ ཁེ་ཕན་འཐོབ་ཐབས་ལུ་ ཁོ་/མོའི་བྱ་སྒོ་ཚུ་འཐབ་པའི་སྐབས་ ཤེལ་བཞིན་དུ་ བྱ་སྒོ་ཚུ་ ཡང་ན་ གོ་གནས་ལོག་སྤྱོད་འབད་དེ་ ཕྱོགས་རིས་ ཡང་ན་ ཕྱོགས་ལྷུང་ སྐྱབས་འཛིན་ལ་སོགས་པའི་ཐོག་ལས་ ཁྲིམས་ལས་འགལ་བའི་ བྱ་བ་འཐབ་པའི་ སྤྱི་གཡོགཔ་དེ་ལུ་ གནོད་འགེལ་ཅིག་གི་ ཉེས་སྐྱོན་ཨིནམ་སྦེ་བརྩི་དགོ་ཟེར་འཁོད་ནུག།

ཁེ་ཕན་ལྟག་སྤྲོ་གསལ་སྟོན་འབད་ནི་ལས་ འཐུས་ཤོར་སྐོར་ དོན་ཚན་༦༣ པའི་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ མི་མང་ལས་སྡེ་ཅིག་ནང་ སྤྱི་གཡོགཔ་ཅིག་ འཐུས་མིའམ་མདོ་ཆེན་ ལས་གཡོགཔ་ཨིནམ་ལས་ སྤྱི་གཡོགཔ་ ཡང་ན་ དེའི་ཉེ་ཚན་ ཡང་ན་ འགན་རོགས་ཅིག་གིས་ འབྲེལ་སྤྱོད་ལས་སེ་ ཡང་ན་ ཚོང་རོགས་ འགན་ལེན་གཞན་ནང་ ཐད་ཀར་ ཡང་ན་ བརྒྱུད་དེ་ སྒེར་ ཡང་ན་ རང་དོན་ཁེ་ཕན་ཡོད་པ་ཅིན་ སྤྱི་གཡོགཔ་འདི་གིས་ དེ་འཕྲོ་ལས་ ཁེ་ཕན་གནས་ལུགས་སྐོར་ ཡིག་ཐོག་ མི་མང་ལས་སྡེ་ལུ་ ཕྱིར་བཤད་འབད་དགོཔ་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཁྲིམས་ཀྱི་བསམ་འཆར་བཀོད་ནིའི་ འགན་དབང་མེད་རུང་ ཚོགས་སྡེ་ལས་ལྷོད་མི་ ཡི་གུ་དེ་ ཉོགས་བཤད་གྲངས་སུ་ ཐོ་བཀོད་འབད་ཡོདཔ་ལས་ བྱ་རིམ་དང་འཁྲིལ་ ནན་ཞིབ་འབད་འོང་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་བཅའ་ཁྲིམས་ཀྱི་ དོན་ཚན་༧ པའི་ལས་འགན་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ སྲིད་བྱུས་དང་ གནད་དོན་དཔྱད་ཡིག་ཚུ་དང་ ཁྲིམས་ཡིག་གཞན་ རྒྱལ་གཞུང་གི་ མཛད་སྒོའི་བརྟག་ཞིབ་ཚུ་ མི་མང་བསྐྱར་ཞིབ་ཐོག་ལས་ གཞུང་གིས་ མི་སེར་གྱི་ རེ་འདོད་བསྐང་ནི་དང་ རྒྱལ་ཁབ་ཀྱི་ མཐའ་དོན་ཉེན་སྲུང་འཐབ་ཚུགསཔ་ ངེས་བརྟན་བཟོ་དགོ་ཟེར་ ཁྲི་འཛིན་གྱིས་ ཡི་གུ་ནང་བཀོད་ནུག།

ཕྱི་འབྲེལ་ལྷན་ཁག་ལས་འབད་བ་ཅིན་ གཞུང་གི་བཀའ་རྒྱ་དང་འཁྲིལ་ གདམ་ངོའི་བྱ་རིམ་ཚུ་ མཇུག་བསྡུ་མི་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢ ལུ་ བིམསི་ཊེག་གི་ ཆེ་མཐོ་འགོ་དཔོན་གནས་རིམ་གྱི་ ཞལ་འཛོམས་ཐེངས་༢༡ པའི་ནང་ ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོ་དེ་ ངོས་ལེན་གྲུབ་ཡོདཔ་བཞིན་དུ་ ཤུལ་མའི་ཟླཝ་སྔ་ཆ་ལུ་ ཕྱི་འབྲེལ་བློན་པོའི་ གནས་རིམ་གྱི་ ཞལ་འཛོམས་ནང་ ཡོངས་ཁྱབ་དྲུང་ཆེན་གྱི་ གདམ་ངོ་དེ་ ཆ་འཇོག་འགྲུབ་ནི་ཨིན་པས།

བིམསི་ཊེག་གི་ ཡོངས་ཁྱབ་དྲུང་ཆེན་བསྐོ་བཞག་གི་དོན་ལུ་ ཡིག་ཐོག་གི་ ཁྱད་ཚད་མེདཔ་མ་ཚད་ འཐུས་མི་རྒྱལ་ཁབ་ཚུ་གི་ ནང་འཁོད་ལུ་ གྲོས་འཆམ་བྱུང་པའི་ གྲོས་བཅུད་བཀྲམ་སྤེལ་འབད་འབདཝ་ ག་ནི་ཡང་མེདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *