ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འབྲེལ་ཡོད་འགོ་དཔོན་ལུ་ ཡིག་ཚང་དང་ལེན་འབད་དགོཔ།

ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱིས་ ས་ཆའི་རྩོད་བཤེར་གྱི་ འཁྲུན་ཆོད་ཅིག་ནང་ རྫོང་བདག་བགྲེསཔ་ ལྷཔ་རྡོ་རྗེ་དང་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་ལུ་ སྒེར་གྱི་བརྡ་བརྒྱུད་ལས་ཁང་ ད་བུཊ་ནིས་ལུ་ གཞི་རྩོད་དང་ཉེས་རྩོད་ཀྱི་ རྩོད་གཞི་བཙུགས་ཆོག་པའི་ ལམ་སྟོན་གནང་ཡི།

ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ ཁྲིམས་འདུན་ལུ་ ད་བུཊ་ནིས་ཀྱིས་ གནས་ཚུལ་ཅིག་ནང་ མོ་ལུ་ ས་ཆ་དང་འབྲེལ་བའི་ ཉེས་འཛུགས་ཁག་༢༠ བཀལ་ཡོད་མི་ཚུ་ བདེན་པ་མེདཔ་ལས་ དེ་གིས་མོ་ལུ་ དམའ་ཕབ་རྐྱབ་མི་ལུ་བརྟེན་ རྒུད་འཐུས་སྤྲོད་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།

མོ་གིས་འབད་བ་ཅིན་ ཉེས་འཛུགས་རེ་ལུ་ དངུལ་ཀྲམ་ས་ཡ་༡.༥ རེ་བཀལ་དགོཔ་སྦེ་ ཞུ་ཡོདཔ་ད་ བརྡ་བརྒྱུད་ལས་ཁང་དེ་གི་ རྩོམ་སྒྲིག་གཙོ་འཛིན་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཨིན་མི་ བསྟན་འཛིན་ལམ་བཟང་གིས་ གནད་དོན་ཚུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ ཐོབ་ཡོདཔ་སྦེ་ཞུ་ནུག།

ཁྲིམས་འདུན་གྱིས་ བཀོད་མིའི་ནང་ བརྡ་བརྒྱུདཔ་ཚུ་གི་ གཞི་རྩ་དང་འཁྲིལཝ་ད་ གནས་ཚུལ་འབྱུང་ཁུངས་ཚུ་ གསལ་སྟོན་འབད་ནི་མེད་པའི་ཁར་ གནས་ཚུལ་གྱི་བརྡ་དོན་ཚུ་ བདེན་དཔྱད་འབད་དགོཔ་བཞིན་དུ་ ཉེས་འཛུགས་ཅན་ཚུ་གི་ བརྡ་བརྒྱུད་ལས་ཁང་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ རྩོད་གཞི་བཙུགས་དགོ་པའི་ ལམ་སྟོན་གནང་ཡི།

བིའུ་པོ་ཡེནཊི་མགྲོན་ཁང་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དབང་འཛིན་འབད་དགོ་པའི་ བཀའ་རྒྱ་གནང་པའི་ཤུལ་ལུ་ མགྲོན་ཁང་དེ་ ཚོང་འབྲེལ་དང་ ལཱ་ག་ནི་ཡང་མ་འབད་བར་ བཞག་ཡོདཔ་ཨིན་པས།

ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ ལྷན་ཚོགས་ཀྱིས་ བཅའ་ཁྲིམས་དང་འཁྲིལཝ་ད་ བརྡ་བརྒྱུད་ལས་ཁང་༢ ནང་ དབང་འཛིན་འབད་དགོ་པའི་ གསལ་བསྒྲགས་དགོཔ་སྦེ་ཡོད་རུང་ བརྡ་བརྒྱུད་ལས་ཁང་གཅིག་ནང་ གསལ་བསྒྲགས་འབད་ཡོདཔ་མ་ཚད་ ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་བའི་ཤུལ་ལུ་ མགྲོན་ཁང་དེ་ བཙོང་མ་ཚུགས་པའི་ཁར་ ཁང་གླ་ཡང་ བྱིན་མ་ཚུགསཔ་ལས་ ལྷན་ཚོགས་ཀྱིས་ རྒུད་འཐུས་སྤྲོད་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།

ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲིམས་འདུན་ལུ་ ཕུལ་མིའི་ནང་ ལྷན་ཚོགས་ཀྱིས་ ས་རྐྱངམ་གཅིག་དབང་འཛིན་འབད་ཡོདཔ་མ་གཏོགས་ ཚོང་འབྲེལ་འཐབ་ནི་ལས་ བཀག་འཛིན་མ་འབད་ཟེར་ ཞུ་ཡོདཔ་སྦེ་ཨིན་པས།

ཁྲིམས་འདུན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་ཀྱི་ དོན་ཚན་བརྡ་དོན་ཚུ་ གོ་དོན་འགྲེལ་བཤད་རྐྱབ་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱི་གསལ་བསྒྲགས་ཚར་གཅིག་ གནང་པའི་ཤུལ་ མགྲོན་ཁང་དེ་ ཉོ་བཙོང་དང་ ལག་ལེན་ག་ར་ བཀག་འཛིན་འབད་དགོཔ་ཨིནམ་བཞིན་དུ་ ལྷན་ཚོགས་ཀྱིས་ ཞུ་མི་དེ་ ངོས་ལེན་འབད་མ་ཚུགསཔ་སྦེ་ བཀོད་ནུག།

ཉེས་འཛུགས་ཅན་གྱིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མགྲོན་ཁང་དེ་ དངུལ་ཀྲམ་ས་ཡ་༣༠༠ སྦེ་ ལེན་དགོ་པའི་ཁར་ ལྷན་ཚོགས་ཀྱིས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་ས་ཡ་༦.༥ རེ་ ཐོབ་དོ་ཡོད་མི་དེ་ དབང་འཛིན་འབད་བའི་ཤུ་ལས་ རྩོད་གཞི་དེ་ མཇུག་མ་བསྡུ་ཚུན་གྱི་རིང་ སྤྲོད་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།

ཁྲིམས་འདུན་གྱིས་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱིས་ བཅའ་ཁྲིམས་ལྟར་དུ་ གསལ་བསྒྲགས་དེ་ བརྡ་བརྒྱུད་ལས་ཁང་༢ ལུ་ མ་སྤྲོད་པའི་ངོས་ལེན་ འབད་ཡོདཔ་བཞིན་དུ་ ལྷན་ཚོགས་ལུ་ འབྲེལ་ཡོད་འགོ་དཔོན་དེ་ལུ་ འཐུས་ཤོར་བྱུང་ཡོདཔ་ལས་ ཡིག་ཚང་གིས་ དང་ལེན་འབད་ཞིནམ་ལས་ ཁྲིམས་འདུན་ལུ་ སྙན་ཞུ་ཕུལ་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཆོས་སྡེ་ལྷན་ཚོགས་ཀྱིས་ ཆོས་སྡེ་གསརཔ་༡༧ ལུ་ ཐོ་བཀོད་གྲུབ་པའི་ལག་ཁྱེར་ཚུ་ བྱིན་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *