ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཉོགས་བཤད་མང་ཤོས་ར་ ཡོངས་འབྲེལ་ཐོག་ལས་འབད་མི་ ཐོན་ཡོདཔ།

༉ སྤྱི་ལོ་༢༠༡༨ ལོ་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཡིག་ཚང་ནང་ ཉོགས་བཤད་བཀོད་མི་བསྡོམས་༣༣༣ འོང་མི་དེ་ ཟླཝ་རེ་ནང་ ཉོགས་བཤད་བཀོད་མི་༢༨ རེའི་རྩིས་ཨིན་པས།
ལོ་དེ་ནང་ ཐོ་བཀོད་འབད་མི་དེ་ སྤྱི་ལོ་༢༠༡༧ དང་ཕྱདཔ་ད་༢༨ ཀྱིས་མང་བའི་ཁར་ འདས་པའི་ལོ་༣ གྱི་ནང་འཁོད་ལུ་ མི་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ ཉོགས་བཤད་བཀོད་མི་ བརྒྱ་ཆ་༤༢.༣ འོང་མི་དེ་ ཉོགས་བཤད་བཀོད་མི་ མཐོ་ཤོས་ཅིག་སྦེ་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
འགྲེམ་ཐོག་ལས་ ཉོགས་བཤད་བཀོད་མི་དེ་ བརྒྱ་ཆ་༣༢.༧ འོང་ཡོདཔ་ད་ ཉུང་ཤོས་ར་ མི་ཚུ་གིས་ རྐང་བཙུགས་སྦེ་ ལྷན་ཚོགས་ཡིག་ཚང་ནང་འོང་སྟེ་ ཉོགས་བཤད་བཀོད་མི་དེ་ བརྒྱ་ཆ་༢༡.༩ ལས་མེདཔ་ཨིན་པས།
ཡོངས་འབྲེལ་ཐོག་ལས་ ཉོགས་བཤད་བཀོད་མི་དེ་ སྤྱི་ལོ་༢༠༡༦ ལུ བརྒྱ་ཆ་༣༢.༤ དང་ སྤྱི་ལོ་༢༠༡༧ ལུ་བརྒྱ་ཆ་༣༤.༤ དེ་ལས་ སྤྱི་ལོ་༢༠༡༨ ལུ་བརྒྱ་ཆ་༤༢.༣ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
ཉོགས་བཤད་ཚུའི་གྲས་ལས་༡༣༠ ངོས་འཛིན་ཅན་གྱི་ཉོགས་བཤད་དང་༢༠༣ མིང་མེད་ཐོག་ལས་ བཀོད་མི་ཚུ་ཨིནམ་ད་ སྤྱི་ལོ་༢༠༡༧ དང་ཕྱདཔ་ད་ ངོས་འཛིན་ཅན་གྱི་ ཉོགས་བཤད་བཀོད་མི་དེ་ བརྒྱ་ཆ་༣.༦ མར་བབས་སོང་ཡོད་མི་དེ་ཡང་ ལྷན་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ དགྲ་ལན་གྱི་འཇིགས་སྣང་དང་ ལྷན་ཚོགས་དང་འབྲེལ་བ་ཡོད་པའི་ ལས་སྡེ་ཚུ་གིས་ ཉོགས་བཤད་ཚུ་ལུ་དང་ལེན་འབད་མི་ནང་ མི་མང་བློ་གཏད་སྐོར་ལས་ ཉེན་བརྡ་འབདཝ་ཨིན་ཟེར་བཀོད་ནུག།
ངོས་འཛིན་ཅན་གྱི་ ཉོགས་བཤད་བཀོད་མི་ལས་༡༧ མ་བརྩིས་བར་ ངོས་འཛིན་ཅན་གྱི་ཉོགས་བཤད་བཀོད་མི་ལས་༡༠༠ ཕོ་སྐྱེས་ཨིནམ་ད་ ཨམ་སྲུ་༡༢ ལས་མ་འོངམ་ཨིན་པས།
ངོས་འཛིན་ཅན་གྱི་ ཉོགས་བཤད་ཡོངས་བསྡོམས་ལས་༦༤ རྐང་བཙུགས་སྦེ་ ལྷན་ཚོགས་ནང་ ཉོགས་བཤད་བཀོད་པར་ འོང་ཡོདཔ་ད་ དེ་གི་གྲས་ལས་ ཕོ་སྐྱེས་༥༢ དང་ ཨམ་སྲུ་༡༢ ཡོདཔ་ཨིན་པས།
ཉོགས་བཤད་ཚུའི་གྲས་ལས་ ཐོན་སྐྱེད་དང་འབྲེལ་བའི་ ཉོགས་བཤད་བཀོད་མི་༡༢༠ ཐོན་མི་དེ་ མཐོ་ཤོས་ཡོད་པའི་ཁར་ དེ་གི་ཤུལ་ལས་ གནད་དོན་གཞན་གྱི་ དབྱེ་ཁག་ནང་ཚུད་མི་༡༠༩ འོང་ཡོདཔ་ཨིན་པས།
སྲིད་བྱུས་དང་འབྲེལ་བའི་ ཉོགས་བཤད་བཀོད་མི་ ཕུད་རྡོག་༡ འོང་ཡོདཔ་ད་ མི་མང་རྒྱུ་དངོས་དང་འབྲེལ་བའི་༢ དེ་ལས་ མི་སྟོབས་དང་འབྲེལ་བ་ཡོད་མི་༢༩ དང་ གན་འཛིན་དང་འབྲེལ་བའི་ཉོགས་བཤད་༤༤ དང་ རང་བཞིན་ཐོན་སྐྱེད་དང་འབྲེལ་བའི་ ཉོགས་བཤད་༡༩ འོང་ཡོདཔ་ཨིན་པས།
ལོ་དེ་ནང་ བྱ་སྒོ་ལོག་སྤྱོད་དང་འབྲེལ་བའི་ ཉོགས་བཤད་༡༨༢ འོང་མི་དེ་ མཐོ་ཤོས་ཨིནམ་ད་ ཁེ་ཕན་ལྟག་སྤྲོད་དང་འབྲེལ་བའི་ཁག་༦ དང་ ནང་གསུག་དང་འབྲེལ་བའི་ ཉོགས་བཤད་༧ དེ་ལས་ གཞན་ཡང་ ཐོབ་བརྗོད་རྫུས་མ་བཀོད་མི་༢ མི་མང་རྒྱུ་དངོས་དང་ འོང་འབབ་ལུ་ཉེན་སྐྱོབ་འབད་མི་༡ ཐོན་ཡོདཔ་ཨིན་པས།
ཨིན་རུང་ ཁེ་དབང་གི་གནས་ཚུལ་ལོག་སྤྱོད་འབད་མི་དང་ དངུལ་ཟོལ་ དེ་ལས་ ཤན་ཞུགས་དང་འབྲེལ་བའི་ཉོགས་བཤད་ ཕུད་རྡོག་གཅིག་ཡང་ མ་ཐོནམ་ཨིན་པས།
རྫོང་ཁག་གི་གྲས་ལས་ ཉོགས་བཤད་མཐོ་ཤོས་ར་ ཐིམ་ཕུག་རྫོང་ཁག་ནང་ལས་༡༡༩ ལྷོད་ཡོདཔ་ད་ དེ་གི་ཤུལ་ལས་ སྤ་རོ་རྫོང་ཁག་ནང་ལས་༢༤ དང་ ཆུ་ཁ་དང་ དབང་འདུས་ཕོ་བྲང་རྫོང་ཁག་གཉིས་ལས་༡༩ རེ་ ཐོན་ཡོདཔ་བཞིན་དུ་ མི་རློབས་ཆུང་ཤོས་ཡོད་མི་ མགར་ས་རྫོང་ཁག་ནང་ལས་ཡང་ ཉོགས་བཤད་ཁག་༤ ལྷོད་ཡོདཔ་ཨིན་པས།
ཐིམ་ཕུག་རྫོང་ཁག་གི་ ཉོགས་བཤད་ཚུའི་གྲས་ལས་ མཐོ་ཤོས་ར་ བྱ་སྒོ་ལོག་སྤྱོད་དང་འབྲེལ་བ་ཡོད་མི་ཁག་༥༨ དང་ དེའི་ཤུལ་ལས་ ལྐོག་ཟའི་ཉོགས་བཤད་༦ དང་ ཁེ་ཕན་ལྟག་སྤྲོད་ཀྱི་ཁག་༤ དེ་ལས་ ནང་གསུག་དང་འབྲེལ་བའི་ཉོགས་བཤད་བཀོད་མི་༤ ཐོན་ནུག།
ལས་སྡེའི་ནང་ལས་ ཤེས་རིག་ལྷན་ཁག་དང་འབྲེལ་བའི་ ཉོགས་བཤད་བཀོད་མི་༢༨ ཐོན་མི་དེ་ མཐོ་ཤོས་ཨིནམ་ད་ དེའི་ཤུལ་ལས་ སོ་ནམ་དང་ནགས་ཚལ་ལྷན་ཁག་ནང་༢༣ ཐོན་ཡོདཔ་ད་ ནང་སྲིད་ལྷན་ཁག་ནང་༡ དང་ ཕྱི་འབྲེལ་ལྷན་ཁག་དང་འབྲེལ་བ་ཡོད་མི་༢ འོང་མི་དེ་ དམའ་ཤོས་ཨིན་པས།
རྫོང་ཁག་བདག་སྐྱོང་དང་འབྲེལ་བའི་ ཉོགས་བཤད་ཚུའི་གྲས་ལས་ སྤ་རོ་དང་ དབང་འདུས་ཕོ་བྲང་རྫོང་ཁག་ལས་༤ རེ་ བཀོད་མི་དེ་ མཐོ་ཤོས་ཨིནམ་ད་ དེའི་ཤུལ་ལས་ ཧཱ་རྫོང་ཁག་ནང་༣ དང་ གཞན་མི་རྫོང་ཁག་ཚུ་ནང་ ཉོགས་བཤད་༡ དང་༢ རེ་ བཀོད་མི་ ཐོན་ནུག།
ལྷན་ཚོགས་ཀྱིས་ ཉོགས་བཤད་ཡོངས་བསྡོམས་ལས་༣༣༠ ལུ་ གྲོས་ཐག་བཅད་ཚར་ཡོད་མི་དེ་ཡང་ གནད་དོན་ཁག་༡༩ ལུ་ ཞིབ་དཔྱད་འབད་དགོཔ་དང་༤༧ བདག་སྐྱོང་དང་ལེན་དོན་ལུ་ བཏང་ཡོདཔ་ད་ བརྗེ་སོར་འབད་དགོ་པའི་ཁག་༡༤༠ དང་ གོ་བ་བརྡ་སྤྲོད་འབད་བའི་གནད་དོན་༣༧ དེ་ལས་ ངོས་ལེན་མེདཔ་༨༧ ཐོན་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *