འབྲུག་མི་ཚུ་གིས་ ཁུ་རུ་དང་ མདའ་རྩེད་རྡོས་སྒོར་རྩེད་ཐོག་ལས་ ངན་པ་དགུ་འཛོམས་ བརྩི་སྲོལ་ཡོདཔ་ཨིན་མས།

ངན་པ་དགུ་འཛོམས་ཀྱི་ རྒྱབ་ཁུངས་མདོར་བསྡུས།

༉ ལོ་བསྟར་བཞིན་དུ་ འབྲུག་མི་ཚུ་གིས་ རང་ཟླ་༡༡ པའི་ཚེས་༧ ལུ་ ངན་པ་དགུ་འཛོམས་ཟེར་ ལཱ་ལེགས་ཤོམ་ འབད་མ་བཏུབ་པའི་ ཉིནམ་ཅིག་སྦེ་ བརྩིསཝ་མ་ཚད་ ལ་ལོ་ཅིག་གིས་ བཟའ་ཚང་ཚུ་དང་གཅིག་ཁར་ མཛར་ཅུམ་ལ་སོགས་པ་ཟ་སྟེ་ སྤྲོ་བ་སྟོནམ་ཨིན།
ཐིམ་ཕུག་སྤང་རི་ཟམ་པ་ དགེ་འདུན་རྩིས་གཞུང་མཐོ་རིམ་སློབ་གྲྭའི་རྩིས་སློབ་ བསོད་ནམས་རིན་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ དུས་ཅི་གི་ ངན་པ་དགུ་འཛོམས་དེ་ རང་ཟླ་༡༡ པའི་ཚེས་༦ གི་ ཉིན་མའི་ཆུ་ཚོད་༣ དང་སྐར་མ་༣༦ ལས་ ཚེས་༧ གྱི་ ཕྱི་རུའི་ཆུ་ཚོད་༤ གི་བར་ནའམ་ སྤྱི་ཟླ་༡༢ པའི་ཚེས་༢༤ གི་ ཉིན་མའི་ཆུ་ཚོད་༣ དང་ སྐར་མ་༣༦ ལས་ སྤྱི་ཚེས་༢༥ གི་ ཕྱི་རུའི་ཆུ་ཚོད་༤ གི་བར་ན་ ཕོགཔ་མས་ཟེར་ཨིན་པས།
ངན་པ་དགུ་འཛོམས་དེ་ ངན་པ་དགུ་འཛོམས་ལུ་ བརྩི་སྲོལ་མ་འདྲཝ་༣ ཡོད་མི་ལས་ དང་པ་ ཕུག་ལུགས་ཀྱི་ རྩིས་ལས་འབད་བ་ཅིན་ མ་གཞི་ ཟླ་ངོ་རེ་ལུ་ ཨ་རྟག་ར་ ཉིན་ནག་རེ་ ཕོག་དོ་ཡོད་རུང་ རང་ཟླ་༡༡ པའི་ ཉིན་ནག་དེ་ ལོ་འགོ་བཙུགས་མིའི་ ཉིན་ནག་འབད་ནི་དེ་གིས་ ངན་པ་དགུ་འཛོམས་ཟེར་ ཉིན་ནག་སྐྱོ་ཤོས་ཅིག་སྦེ་ བརྩིསཝ་ཨིན་པས།
རྩིས་སློབ་བསོད་ནམས་རིན་ཆེན་གྱིས་ བཤད་མིའི་ནང་ ཉི་མ་ནག་ཆེན་ཞེས་གྲགས་པ། །ཡ་བདུད་རྡོ་རྗེ་གློག་ཕྲེང་དང་། །ས་སྲིན་འབར་མ་བྱ་བ་ལ། །བུ་ནི་རཱ་ཧུ་ལ་ཞེས་དང་། །བུ་མོ་འབྲོག་སྲིང་ཆུ་སྲིན་གདོང་། །དེ་འོག་སྟག་སྲིང་ཟོར་གདོང་དང་། །དེ་འོག་ཀོང་སྲིང་བ་གླང་གདོང་། །ཆུང་བ་བམ་སྲིང་འདྲེ་གདོང་བཞི། །ཟེར་ ནག་རྩིས་ལས་འབད་བ་ཅིན་ ཧེ་མར་ འཇིག་རྟེན་གྱི་ ཁམས་འདི་གི་ སྣོད་བཅུད་རིམ་པར་ཆགསཔ་ད་ ཕ་རྡོ་རྗེ་གློག་ཕྲེང་དང་ མ་ས་སྲིན་འབར་མ་༢ ལུ་ བུ་བུ་རཱ་ཧུ་ལའམ་ ཉི་མ་ནག་ཆེན་དང་ བུམོ་འབྲོག་སྲིང་ཆུ་སྲིན་གདོང་ཅན་ སྟག་སྲིང་ཟོར་བའི་གདོང་ཅན་ ཀོང་སྲིང་བ་གླང་གདོང་ཅན་ བམ་སྲིང་འདྲེའི་གདོང་ཅན་ཟེར་ ཨ་ལོ་༥ སྐྱེས་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཕོ་རྒནམ་ནག་ཆེན་གྱིས་ རི་རབ་གཡས་བསྐོར་དང་ བུམོ་ཆུང་ཤོས་ བམ་སྲིང་འདྲེའི་གདོང་ཅན་གྱིས་ གཡོན་བསྐོར་རྐྱབ་སྟེ་འགྱོཝ་ད་ ལོ་ལེ་ཤ་འགོརཝ་ལས་ རང་ཟླ་༡༡ པའི་ཚེས་༧ ལུ་ ཕྱད་པའི་སྐབས་ ཁོང་སྤུན་ཆ་༢ གཅིག་གིས་གཅིག་ལུ་ ངོ་མ་ཤེས་པར་ གཅིག་གིས་གཅིག་ལུ་མཐོངམ་ཅིག་ སེམས་ཆགས་ཡོདཔ་ལས་ ལུས་འབྲེལ་འབད་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོང་སྤུན་ཆ་༢ ལུས་འབྲེལ་འབད་མི་ལུ་བརྟེན་ མ་རུང་བའི་རྐྱེན་གྱིས་ འབྲས་བུ་ངན་དགུ་ཟེར་ སྟེང་གི་རླུང་ འོག་ལུ་འགྱོ་ འོག་གི་རླུང་ སྟེང་ལུ་འགྱོ་ བར་རླུང་ཕར་ཚུར་འཁྱུག་ ས་ ཆུ་ མེ་ རླུང་ ནམ་མཁའ་བཅས་ འབྱུང་བ་༥ ཡང་འཁྲུགས་ མི་ག་ར་ལུ་གནོད་པའི་ བཙན་དུག་བཟུམ་གྱི་ ཉིམ་ཤར་བའི་ དུས་ཤརཝ་ལས་ དུས་ཚོད་ངན་པ་༩ སྟབས་གཅིག་ཁར་ འཛོམས་ཡོདཔ་ལས་ ངན་པ་དགུ་འཛོམས་ཟེར་ སླབ་ཨིན་ཟེར་ཨིན་པས།
གཉིས་པ་ ངན་པ་དགུའི་གྱངས་ཁ་ ངེས་པ་མེདཔ་སྦེ་ རྩིས་མིའི་ལུགས་ལས་འབད་བ་ཅིན་ ཕ་རྡོ་རྗེ་གློག་ཕྲེང་དང་ མ་ས་སྲིན་འབར་མ་༢ ཀྱི་བུ་ ཉི་མ་ནག་ཆེན་དང་ བུམོ་༤ གིས་ ཟླཝ་རེའི་ནང་ མ་རུང་བའི་ ལཱ་རེ་འབད་མི་ལུ་བརྟེན་ ཟླཝ་༡༢ ལུ་ ཉིན་ནག་ཟེར་ ངན་པ་༡༢ བྱུང་ཡོདཔ་སྦེ་ རྩིས་སྲོལ་ཡོདཔ་ཨིན་པས།
དེ་ཡང་ རང་ཟླ་༡༡ པའི་ཚེས་༧ ལུ་ སྲིངམོ་འབྲིག་སྲིང་ཆུ་སྲིན་གདོང་ཅན་དང་ ལུས་འབྲེལ་འབད་བའི་ཚེས་དང་ ཟླཝ་༡༢ པའི་ཚེས་༡༡ ལུ་ འབྲོག་སྲིང་ལས་ དུག་གི་གྲོད་པ་ཟེར་ དུག་གི་ཨ་ལོ་ཅིག་ སྐྱེ་བའི་ཚེས་ དེ་ལས་ ཟླཝ་༡ པའི་ཚེས་༢༡ ལུ་ འབྲོག་སྲིང་གི་ དུག་གི་གྲོད་པ་ ཁ་རྡོལ་བ་ཟེར་ དུག་གི་ཨ་ལོ་ཁ་གས་པའི་ཚེས་དང་ ཟླཝ་༢ པའི་ཚེས་༨ ལུ་ སྟག་སྲིང་ཟོར་བའི་གདོང་ཅན་དང་ ལུས་འབྲེལ་འབད་བའི་ཚེས་དང་ ཟླཝ་༣ པའི་ཚེས་༡༦ ལུ་ སྟག་སྲིང་ལས་ དུག་གི་ཨ་ལོ་ཅིག་ སྐྱེས་བའི་ཚེས་ དེ་ལས་ ཟླཝ་༤ པའི་ཚེས་༢༤ ལུ་ སྟག་སྲིང་གི་ དུག་གི་ཨ་ལོ་ཁ་གས་པའི་ཚེས་ཨིན་པས།
དེ་བཟུམ་སྦེ་ ཟླཝ་༥ པའི་ཚེས་༩ ལུ་ ཀོང་སྲིང་བ་གླང་གདོང་ཅན་དང་ ལུས་འབྲེལ་འབད་བའི་ཚེས་དང་ ཟླཝ་༦ པའི་ཚེས་༡༨ ལུ་ ཀོང་སྲིང་ལས་ དུག་གི་ཨ་ལོ་ཅིག་ སྐྱེ་བའི་ཚེས་ དེ་ལས་ ཟླཝ་༧ པའི་ཚེས་༢༧ ལུ་ ཀོང་སྲིང་གི་ དུག་གི་ཨ་ལོ་ཁ་གས་པའི་ཚེས་དང་ ཟླཝ་༨ པའི་ཚེས་༡༠ ལུ་ བམ་སྲིང་དྲེད་གི་གདོང་ཅན་དང་ ལུས་འབྲེལ་འབད་བའི་ཚེས་དང་ ཟླཝ་༩ པའི་ཚེས་༢༠ ལུ་ བམ་སྲིང་ལས་ དུག་གི་ཨ་ལོ་ཅིག་ སྐྱེ་བའི་ཚེས་ དེ་ལས་ ཟླཝ་༡༠ པའི་ཚེས་༣༠ ལུ་ བམ་སྲིང་གི་ དུག་གི་ཨ་ལོ་ཁ་གས་པའི་ཚེས་བརྩིས་ཏེ་ ངན་པ་༡༢ ཨིན་པས།
དེའི་སྐབས་ འཇིག་རྟེན་གྱི་ཁམས་ནང་ བཀྲ་མ་ཤིས་པའི་ དུས་ཚོད་ངན་པ་འབད་ནི་དེ་གིས་ དུས་ཚོད་ངན་པ་༡༢ ཐོན་ཡོདཔ་མ་ཚད་ འགོ་དང་པ་ རང་ཟླ་༡༡ པའི་ཚེས་༧ ལས་ འགོ་བཙུགས་མི་ལུ་བརྟེན་ དེའི་ཉིན་མར་ ངན་པ་དགུ་འཛོམས་ཟེར་ ངན་པ་ཚུ་གི་གྲས་ལས་ སྐྱོ་ཤོས་ཅིག་སྦེ་ རྩིས་སྲོལ་ཡོདཔ་ཨིན་པས།
གསུམ་པ་ གཟའ་རྒོད་ཀྱི་ ཉི་མ་ཁྲོས་པའི་ གསང་རྒྱུད་ལས་འབད་བ་ཅིན་ ཡབ་གཤིན་རྗེ་འདོད་པའི་རྒྱལ་པོ་དང་ ཡུམ་སྲིན་མོ་གློག་འབར་མ་༢ ལུས་འབྲེལ་འབདཝ་ལས་ བུ་གཟའ་རྒོད་ཉི་མ་ཟེར་མི་དེ་སྐྱེས་ཏེ་ རི་བོ་གཉའ་ཤིང་འཛིན་ལུ་ སྡོད་ཡོདཔ་ད་ ཉི་མ་དང་ དབུས་ཕྱོགས་རིའི་རྒྱལ་པོ་རི་རབ་ཀྱི་ བྱང་ཤར་མཚམས་ལུ་ འདོད་ཁམས་ཀྱི་ དབང་ཕྱུག་མ་ དཔལ་ལྡན་ལྷ་མོ་རེ་མ་ཏཱི་ བཞུགས་མི་༢ གཅིག་གིས་གཅིག་ལུ་ སེམས་ཆགས་ཏེ་ རིའི་རྒྱལ་པོ་རི་རབ་ཀྱི་ བྱང་ཁ་ཐུག་ལུ་འཛོམས་ནིའི་ ཁ་ཚིག་བཟོ་ཡོདཔ་ཨིན་པས།
ཨིན་རུང་ ལྷ་མོ་རེ་མ་ཏཱི་གིས་ མགུ་སྐོར་རྐྱབ་སྟེ་ དུས་ཚོད་དེ་ཁར་ མོ་ར་མ་བྱོན་པར་ གཟའི་བུམོ་གནོད་སྦྱིན་མོ་ ཕག་སྣ་གདོང་ལུ་ མོ་རའི་རྒྱན་ཆས་ཚུ་བཏགས་ཏེ་ བཟོ་བཟོ་ཞིནམ་ལས་ བཏང་ཡོདཔ་ད་ རི་རབ་ཀྱི་ བྱང་ཁ་ཐུག་ལུ་ ཉི་མ་དང་ གནོད་སྦྱིན་མོ་༢ ཕྱད་དེ་ ནུབམོ་༡ ལུས་འབྲེལ་འབད་བའི་ནངས་པར་ སོ་སོར་ཁ་བྱེལ་འགྱོ་བའི་སྐབས་ གནོད་སྦྱིན་མོ་གིས་ མོ་རའི་གཟུགས་དངོས་སུ་བཏོན་བྱིན་ཡོདཔ་ཨིན་པས།
དེ་ལས་ གནོད་སྦྱིན་མའོ་གཟུགས་ ཁམས་ལོག་སི་སི་སྦེ་ མཐོང་ནི་དེ་གིས་ ཉི་མ་གནམ་མེད་ས་མེད་ཙིགཔ་ཟ་སྟེ་ ལྷ་སྲིད་སྡེ་བརྒྱད་ག་ར་གིས་ རེ་མ་ཏཱི་ལུ་ ཆདཔ་བཀལཝ་ཅི་ རེ་མ་ཏཱི་གིས་ ང་ལུ་ མགུ་སྐོར་རྐྱབ་ཅིག་ མ་མོའི་གནོད་པ་ རང་གཤེད་རང་ལུ་ འབབ་བཅུག་ཅི་ཟེར་ དམོད་འདོར་རྐྱབ་མི་ལུ་བརྟེན་ སྲིད་༣ ག་ར་འཁྲུགས་པའི་ དུས་ཚོད་དེ་ རང་ཟླ་༡༡ པའི་ཚེས་༧ ལུ་ འབད་ནི་དེ་གིས་ ངན་པ་དགུ་འཛོམས་ཟེར་ རྩིས་སྲོལ་བྱུང་ཡོདཔ་ཨིན་པས།
ངན་པ་དགུ་འཛོམས་ཀྱི་ ཉིནམ་གི་སྐབས་ གཞུང་འབྲེལ་ངལ་གསོ་བཞག་མི་དེ་ བཟང་པོའི་ལཱ་ ག་ནི་ཡང་ འབད་མ་བཏུབ་མ་ཚད་ སླབ་ཁ་ཟེར་ ཁ་ལུ་བརྟེན་པའི་ བཞེས་སྒོ་ཟ་མ་བཏུབ་པའི་ཁར་ དགེ་བའི་ལཱ་དང་ བཀྲིས་པའི་ལཱ་ཚུ་ ག་ནི་ཡང་ འབད་མ་བཏུབ་མི་ལུ་བརྟེན་ རྩིས་ལུགས་ཀྱི་ སྤང་བླང་འབད་དགོ་པའི་ གནད་དོན་དང་འཁྲིལ་ཨིན་རུང་ ད་རེས་ནངས་པར་ གཞུང་འབྲེལ་ངལ་གསོ་བཞག་ནི་མེདཔ་ཨིན་པས།
ཨིན་རུང་ ཤར་ཕྱོགས་ཁ་ཐུག་གི་ མི་སེར་ཚུ་གིས་ ལོ་གསར་སྦེ་ བརྩི་དོ་ཡོདཔ་བཞིན་དུ་ བཟའ་ཚང་ཚུ་ གཅིག་ཁར་འཛོམས་ཐོག་ལས་ བཟའ་འཐུང་ལེགས་ཤོམ་སྦེ་ཟ་སྟེ་ རྩོདམོ་རེ་རྩེད་སྡོད་ནིའི་ ལམ་ལུགས་སྲོལ་དེ་ ཧེ་མ་ལས་ ཡོད་མི་ལུ་བརྟེན་ ད་རེས་ནངས་པ་ཡང་ ལག་ལེན་འཐབ་སྲོལ་འདུག་ཟེར་ ཞུ་ནི་ཨིན།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *