ངང་ལམ་ལུ་ མི་གྲངས་༥༤ རང་སོའི་ཁྱིམ་ནང་ ཟུར་བཞག་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ པདྨ་དགའ་ཚལ་ ངང་ལམ་ལུ་ ཁྲིམས་འགལ་ཐོག་ལས་ ས་མཚམས་བརྒལ་སོང་མི་ ཕོ་སྐྱེས་ཅིག་དང་གཅིག་ཁར་ འབྲེལ་བ་འཐབ་མི་༥༣ དེ་ཅིག་ ཁོང་རའི་ཁྱིམ་ནང་ ཟུར་བཞག་ནུག།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ ནོར་བུ་སྒང་རྒེད་འོག་ ཏཱན་ཟ་མ་ལས་ཨིན་མི་ ཕོ་སྐྱེས་དེ་ རྒྱ་གར་ཨ་སམ་ དའུ་ད་རི་ལས་ ལོག་འོང་པའི་སྐབས་ ས་མཚམས་བདའ་སྟེ་ ལྟ་རྟོག་འབད་མི་སྡེ་ཚན་གྱིས་ འཛིན་བཟུང་འབད་ཡོདཔ་ད་ ཕོ་སྐྱེས་དེ་གིས་ འཛིན་བཟུང་མ་འབད་བའི་སྐབས་ བདུན་ཕྲག་༢ དེ་ཅིག་གི་ ཧེ་མ་ཡང་ ས་མཚམས་བརྒལ་སོང་ཡོདཔ་ཨིན་པས།
པདྨ་དགའ་ཚལ་རྫོང་ཁག་གི་ གསོ་བའི་འགོ་དཔོན་གོངམ་ ཀུན་ལེགས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་དེ་གིས་ བདུན་ཕྲག་༢ དེ་ཅིག་གི་ ཧེ་མར་ཡང་ ས་མཚམས་བརྒལ་ཏེ་ སོང་ཡོདཔ་བཞིན་དུ་ ཐེངས་༢ པའི་སྐབས་ དའུ་ད་རི་ལས་ ལོག་འོངམ་ད་ ལྟ་རྟོག་སྡེ་ཚན་གྱིས་ འཛིན་བཟུང་འབད་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཕོ་སྐྱེས་དེ་གིས་ ནད་ཡམས་ཀོ་བིཌ་-༡༩ འི་ ཁྱད་ལྡན་ལག་ལེན་བྱ་སྒོ་ལས་བརྒལ་ཏེ་ ཁྲིམས་འགལ་ཐོག་ ས་མཚམས་བརྒལ་སོང་མི་དེ་གིས་ མི་སྡེ་ཉེན་ཁ་ནང་ བཙུགས་ཡོདཔ་ལས་ ངང་ལམ་གྱི་ ཟུར་བཞག་ལྟེ་བའི་ནང་ བཙུགས་བཞག་ཡི་ཟེར་ཨིནམ་ད་ ཁོ་དང་གཅིག་ཁར་ དྲི་དཔྱད་འབད་མ་ཚུགསཔ་ལས་ ག་ཅི་སྦེ་ ས་མཚམས་བརྒལ་ཏེ་ སོང་ཡོདཔ་ཨིན་ན་ ཤེས་རྟོགས་འབྱུང་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་༥༣ དེ་ཅིག་ དེ་གི་ནངས་པར་ ཁོང་རའི་ཁྱིམ་ནང་ ཟུར་བཞག་འབད་བཅུག་ཅི་ཟེར་ཨིནམ་ད་ གསོ་བའི་འགོ་དཔོན་དང་ བདེ་སྲུངཔ་ཚུ་གིས་ དམ་དམ་སྦེ་ར་ ལྟ་རྟོག་འབད་དོ་ཟེར་ཨིན་པས།
ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཕོ་སྐྱེས་དེ་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ བརྟག་དཔྱད་འབད་བའི་སྐབས་ ནད་གཞི་མེདཔ་སྦེ་ ཐོན་ཡོདཔ་བཞིན་དུ་ ཟུར་བཞག་གི་ དུས་ཚོད་མ་ཚང་ཚུན་ གསོ་བའི་འགོ་དཔོན་ཚུ་གིས་ བརྟག་དཔྱད་འབད་ནི་ཨིནམ་ལས་ མི་སེར་ཚུ་ རྣམ་རྟོག་དང་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐོར་སྲུང་འབད་མི་ཚུ་གིས་ དམ་དམ་སྦེ་ར་ ཉེན་སྲུང་འབད་དོ་ཡོད་རུང་ ས་མཚམས་བདའ་སྟེ་ འཛུལ་སྒོ་ལེ་ཤ་ཡོདཔ་ད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དེ་བཟུམ་མའི་ ཁྲིམས་འགལ་ཐོག་ལས་ ས་མཚམས་བརྒལ་འགྱོ་མི་ཚུ་ བདའ་ཟུན་ཚུགས་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
དེ་འབདཝ་ལས་ གཡུས་མི་ཚུ་གིས་ ཁྲིམས་འགལ་ཐོག་ལས་ ས་མཚམས་བརྒལ་འགྱོ་མི་དང་ ཡང་ཅིན་ ལོག་རྒྱལ་ཁབ་ནང་འོང་སྟེ་ སྙན་ཞུ་མ་འབད་བར་ གཡིབ་སྡོད་པའི་སྐོར་ ཤེས་རྟོགས་འབྱུང་པ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ ཐད་ཀར་དུ་ སྙན་ཞུ་འབད་དེ་ རྒྱབ་སྐྱོར་འབད་གནང་ཟེར་ གསོ་བའི་འགོ་དཔོན་གྱིས་ སླབ་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *