ངང་ལམ་ལུ་ ཕོ་སྐྱེས་ཅིག་ལུ་ ཉེས་བྱ་དངུལ་ཀྲམ་༦,༤༥༠ བཀལ་ཐོག་ལས་ ཉེན་བརྡ་འབད་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༩ ལུ་ པདྨ་དགའ་ཚལ་ རྫོང་ཁག་བཙག་འཐུའི་ རྩོད་རྙོགས་སེལ་ཐབས་ལས་སྡེ་གིས་ ངང་ལམ་དྲུང་ཁག་ ཆོས་འཁོར་གླིང་རྒེད་འོག་ སྐྱེས་རོང་ལས་ རྣམ་སྲས་དབང་འདུས་ཀྱིས་ བཙག་འཐུའི་བཅའ་ཁྲིམས་ལས་ འགལ་ཡོད་པའི་ ཉེས་བྱ་དངུལ་ཀྲམ་༦,༤༥༠ བཀལ་ཐོག་ལས་ ཉེན་བརྡ་འབད་ཡོདཔ་ཨིན་པས།

བཙག་འཐུ་རྩོད་རྙོགས་སེལ་ཐབས་ལས་སྡེ་གིས་ ཞིབ་དཔྱད་འབད་བའི་སྐབས་ རྣམ་སྲས་དབང་འདུས་ཀྱིས་ མི་སྡེ་བརྡ་བརྒྱུད་ ཝི་ཅེཌ་ནང་ པདྨ་དགའ་ཚལ་མཁར་-གཡུ་རུང་འདེམས་ཁོངས་ཀྱི་ མི་སེར་ཚུ་ལུ་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ལུ་ ཚོགས་རྒྱན་བཙུགས་ཏེ་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཕམ་བཏང་དགོ་ཟེར་ སླབ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་སྦེ་ གྲོས་ཆོད་ནང་བཀོད་ནུག།

རྣམ་སྲས་དབང་འདུས་ཀྱིས་ཡང་ རྫུན་ཁ་བཟེད་ཡོདཔ་ལས་ བཙག་འཐུའི་བཅའ་ཡིག་དང་ སྒྲིག་གཞི་ལས་ འགལ་ནུག་ཟེར་ཨིནམ་ད་ ལས་སྡེ་གིས་ ཁོ་ལུ་ རྒྱལ་ཡོངས་ལས་མིའི་ ཉིན་བསྟར་གླ་ཆ་དངུལ་ཀྲམ་༢༡༥ རེ་བརྩིས་རྐྱབ་སྟེ་ ཟླཝ་༡ གི་ ཉེས་བྱ་བཀལ་ཡོད་མི་དེ་ ཁ་ཙ་ ངང་ལམ་གྱི་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་ བཏབ་ཡོདཔ་ཨིན་པས།

གྲོས་ཆོད་དང་འཁྲིལ་བ་ཅིན་ རྣམ་སྲས་དབང་འདུས་ལུ་ ཉེས་བྱ་བཀལ་མི་དེ་ ཁོ་གིས་ བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་ དོན་ཚན་༢༩༤ པ་དང་ མི་སྡེ་བརྡ་བརྒྱུད་ཀྱི་ བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མའི་ དོན་ཚན་༤.༤ པ་དང་ འགལ་ཡོདཔ་ལས་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལས་སྡེའི་ བཅའ་ཡིག་དང་ སྒྲིག་གཞི་༢༠༡༨ ཅན་མའི་ དོན་ཚན་༢༩.༡.༡ པ་དང་འཁྲིལ་ ཨིན་ཟེར་ཨིན་པས།

གྲོས་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དོན་དག་མེད་པར་ མི་སེར་དང་ སྲིད་ཚོགས་ཀྱི་བར་ན་ བརྡབ་གསིག་ཐོག་ སྟབས་མ་བདེཝ་བཟོ་མི་ཚུ་གི་ ཉེན་ཁ་ག་ར་ རྣམ་སྲས་དབང་འདུས་ཀྱིས་ འབག་དགོཔ་མ་ཚད་ ད་ལས་ཕར་ མི་སེར་དང་ སྲིད་ཚོགས་ཀྱི་བར་ན་ བརྡབ་གསིག་གི་ བྱ་སྤྱོད་འབད་བ་ཅིན་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལས་སྡེའི་ བཅའ་ཡིག་དང་ སྒྲིག་གཞི་༢༠༡༨ ཅན་མ་དང་འཁྲིལ་ ཉེས་ཁྲིམས་ཡང་ཆགས་མེད་པར་ བཀལ་ནི་ཟེར་ཨིན་པས།

སྤྱི་ཟླ་༡༠ པའི་ཙེས་༨ ལུ་ ངང་ལམ་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཆོས་གྲགས་རྒྱ་མཚོ་གིས་ ངང་ལམ་གྱི་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་ ཉོགས་བཙུགས་ཡོདཔ་བཞིན་དུ་ ཡིག་ཚང་གིས་ ཝི་ཅེཌ་ནང་ བློའི་སླབ་མི་ཚུ་ སྒྲ་བཟུང་འབད་མི་ཚུ་ལུ་ གཞི་བཞག་ཐོག་ ཐོ་བཀོད་འབད་ཡོདཔ་ཨིན་པས།

ཉོགས་བཤད་ཡི་གུ་དང་འཁྲིལཝ་ད་ རྣམ་སྲས་དབང་འདུས་ཀྱིས་ མི་སེར་ཚུ་ལུ་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་དགོཔ་སྦེ་སླབ་སྟེ་ ཝི་ཅེཌ་ནང་ ཁྱབ་སྤེལ་འབད་ནུག་ཟེར་ཨིནམ་ལས་ གནད་དོན་དེ་ བཙག་འཐུ་དང་ མི་སྡེ་བརྡ་བརྒྱུད་ཀྱི་ བཅའ་ཡིག་དང་ སྒྲིག་གཞི་ལས་ འགལ་ནུག་ཟེར་ཨིནམ་ད་ ཆོས་གྲགས་རྒྱ་མཚོ་གིས་ སྒྲུབ་བྱེད་སྦེ་ ཝི་ཅེཌ་ནང་ སྒྲ་བཟུང་འབད་མི་ ཨེམ་པི་ཐི་རི་༡༣ བྱིན་ཡོདཔ་ཨིན་པས།

རྣམ་སྲས་དབང་འདུས་ཀྱིས་ སླབ་མིའི་ནང་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་གྱི་ས་གནས་ སན་ཏ་བ་རི་ལུ་ རྒྱ་གར་གྱི་ མི་ཁུངས་ཅིག་གིས་ བཙག་འཐུ་མཇུག་བསྡུ་ཡི་ག་ ཁོ་ཚོགས་པ་ག་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ དྲིས་བའི་སྐབས་ ཁོ་ར་ཧེ་མ་ མི་སེར་དམངས་གཙོའི་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཨིན་རུང་ ཚོགས་པ་དེ་ གདམ་འཐུ་མ་གྲུབ་ལས་ ད་ལྟོ་ སྲིད་ཚོགས་ག་ལུ་ རྒྱབ་སྐྱོར་འབད་ནི་ཨིན་ན་ ཐག་མ་བཅད་ཟེར་ སླབ་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཝི་ཅེཊ་ནང་སླབ་མི་ བློ་དེ་ཚུ་ ངན་སེམས་ཀྱི་ཐོག་ལས་ བསམ་བཞིན་མནོ་བཞིན་དུ་ སླབ་སླབ་མེན་རུང་ དེ་གིས་ བཙག་འཐུ་དང་ མི་སྡེ་བརྡ་བརྒྱུད་ཀྱི་ བཅའ་ཡིག་དང་སྒྲིག་གཞི་ལས་ འགལ་ཡོད་མི་ལུ་བརྟེན་ བཙག་འཐུ་རྩོད་རྙོགས་སེལ་ཐབས་ལས་སྡེ་གིས་ གྲོས་ཆོད་གནང་མི་ལུ་ གུས་ཞབས་ཡོད་ཟེར་ ཨིན་པའི་གནས་ཚུལ།

ངང་ལམ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཐུན་རྐྱེན་བཏོག་མི་གིས་ གདོང་ལེན་འབྱུང་ནི།

༉ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ཚུན་ ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ དྲོ་པ་དང་ ཉིན་མའི་ལྟོ་དང་ འབྲུག་གཞུང་གིས་ ཚོད་བསྲེ་གི་ འཐུས་བྱིན་ཏེ་ཡོད་མི་དེ་ སང་ཕོད་ལས་ མི་བྱིན་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ …

Leave a Reply

Your email address will not be published. Required fields are marked *