ངག་བརྗོད་བྱིན་མི་༤ དང་རྩོད་རྩ་ གདོང་བཤེར་འབད་དགོ་པའི་ ཞུ་བ་འབད་ཡོདཔ།

༉ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ གདམ་འཐུའི་བྱ་རིམ་ནང་ གཡོ་སྒྱུ་འཐབ་ཡོད་པའི་ རྩོད་གཞི་དེའི་ རྩོད་རྩ་གིས་ སྒྲུབ་བྱེད་བརྒལ་ལན་ཕུལ་བའི་སྐབས་ ལས་འཛིན་ལུ་ ངག་བརྗོད་ཕུལ་ཡོད་མི་ ལས་འཛིན་གྱི་ལས་བྱེདཔ་༣ དང་ ཁོ་རའི་ཆ་རོགས་ཚུ་ ཁོ་དང་ གདོང་བཤེར་འབད་ནིའི་ གོ་སྐབས་གནང་དགོཔ་སྦེ་ ཞུ་ཡི།
རྩོད་རྩ་གིས་ ཞུ་མིའི་ནང་ རྩོད་ཟླ་གི་ སྒྲུབ་བྱེད་ཕུལ་ཡོད་པའི་ངག་བརྗོད་ཚུ་ ངེས་ཏིག་ཨིན་པ་ཅིན་ བྱ་ངན་བྱུང་བའི་ཚེ་ར་ ག་ཅི་སྦེ་ དང་ལེན་མ་འབདཝ་ཨིན་ན་དང་ མཐའ་དཔྱད་གྲུབ་འབྲས་སྐོར་ ཉོགས་བཤད་བཀོད་པའི་སྐབས་ བྱ་ངན་ལུ་བརྟེན་ ང་ལུ་ གོ་སྐབས་བྱིན་མ་ཚུགས་ཟེར་ མ་སླབ་ཨིན་ན་དང་ ཟླ་ངོ་༣ གྱི་རྒྱབ་ལས་ སྟ་གོན་སྙན་གསན་སྐབས་ལུ་ཡང་ ལོ་རྒྱུས་ཟུར་ཙམ་ར་ མ་ཐོནམ་ཨིན་ན་ཚུ་ ཁྲིམས་ཞབས་ཀྱི་རྩོད་ཟླ་ལུ་ བདེན་ཁུངས་བསྐྱལ་དགོ་པའི་བཀའ་གནང་པ་ཅིན་ བདེན་རྟགས་འཐོན་འོང་ཟེར་ཞུ་ཡི།
དེ་མ་ཚད་ ལས་གཡོག་ལྷན་ཁག་གིས་ གསར་བཙུགས་དང་གདམ་འཐུའི་སྒྲིག་གཞི་༢༠༡༢ ཅན་མིའི་ དོན་ཚན་ག་པ་དང་ འཁྲིལ་རུང་ གནད་དོན་གཞན་ཚུ་ གདམ་འཐུའི་བྱ་རིམ་ནང་ འབྲེལ་བ་མེད་པ་དང་ འོས་འབབ་མེད་པའི་གནད་དོན་ཚུ་ མི་འགབ་པའི་ཁར་ རྩོད་ཟླ་གིས་ཞུ་མིའི་ནང་ བདེན་ཁུངས་ཡོད་པ་ཅིན་ ལས་འཛིན་དེ་ གཞུང་དབང་ལས་འཛིན་ཨིནམ་བཞིན་དུ་ ལཱ་འཛོལ་བ་འབད་མི་ལུ་ ཉེན་བརྡ་དང་ དང་ལེན་འབད་དགོ་པའི་ཁར་ ཁྲིམས་བརྒྱུད་དེ་ ཁྲིམས་བཀལ་ནིའི་དབང་ཚད་ཡོདཔ་ལས་ ད་ལྟོའི་གནད་དོན་ནང་ རྩོད་རྩ་ལུ་ ཁྲིམས་འདུན་མ་བཀལ་བའི་ཁར་ ཉེན་བརྡ་ཡང་མ་བྱིན་མི་དེ་ ཁོང་ར་ ཉེས་ལས་འཐབ་ཡོདཔ་ལས་ ཁ་ཉེས་ཁོ་ལུ་ བཀལཝ་མས་ཟེར་ཨིན་པས།
རྩོད་ཟླ་གིས་ གོངམ་རིན་པོ་ཆེའི་ མཚན་བརྗོད་ཡི་ཟེར་ གནས་སྟངས་༡ ལུ་ འབྱུང་ཁུངས་མ་འདྲཝ་༣ བཀོད་མི་དེ་ ཁོང་རའི་འཛོལ་བ་ཡོད་པའི་སྐྱོན་གྱི་ སྒྲུབ་བྱེད་ཐོནམ་བཞིན་དུ་ བསྒྱུར་བཅོས་འབད་དེ་ ཏན་ཏན་མེདཔ་ད་ ངེས་པ་མེད་པའི་ཞུ་བ་ཚུ་ ཁྲིམས་ཀྱི་ཆ་གནས་མཛད་མ་གནང་ཟེར་ཞུ་ཡི།
རྩོད་ཟླ་གིས་ སྒྲུབ་བྱེད་ཕུལ་ཡོད་པའི་ངག་བརྗོད་ཚུ་ རྩོད་རྩའི་ཆ་རོགས་ལས་ ཨིང་སྐད་ཐོག་ལས་ལེན་ཡོད་པའི་ ངག་བརྗོད་ལུ་ གཞི་བཞག་ནུག་ཟེར་ཨིན་པས།
ཁོ་གིས་ཞུ་མིའི་ནང་ ཁོ་གི་ ཆ་རོགས་ཀྱི་ རྒྱབ་རྟེན་ཤེས་ཡོན་དེ་ ནང་པའི་རིག་གཞུང་ཨིན་པའི་ཁར་ རྫོང་ཁ་སློབ་དཔོན་འབདཝ་ལས་ ངག་བརྗོད་དེ་ ཁོ་རའི་ རིག་རྩལ་དང་བསྟུན་ འབྲི་ནི་མ་གཏོགས་ ར་ཁུངས་སྦྲགས་མ་ཚུགས་པའི་ ཨིང་སྐད་ཐོག་ལས་ འབྲི་ནིའི་འོས་འབབ་དང་ བློ་འདོད་མི་འོང་ཟེར་ཨིན་པས།
ད་རུང་ ཁོ་རའི་ ཆ་རོགས་དང་ འདྲི་དཔྱད་འབད་དེ་ ལན་ཡོད་པའི་ངག་བརྗོད་དེ་ཡང་ རྫོང་ཁ་ཨིནམ་ལས་ ངག་བརྗོད་དེ་ རྫོང་ཁ་ནང་འོང་དགོ་པའི་ཁར་ ཆ་རོགས་ཀྱིས་ རྒྱང་བསྒྲགས་ལས་འཛིན་ལུ་ ངག་བརྗོད་ལན་ཏེ་ རྫོང་ཁའི་ཐོག་ལས་ ཕུལ་ཡོདཔ་སྦེ་ ཁས་ལེན་འབད་ཡི་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ རྩོད་ཟླ་གིས་ཕུལ་མའི་ ངག་བརྗོད་སྒྲུབ་བྱེད་དེ་ རྫུས་མ་བཟོ་ནུག་ཟེར་ཨིནམ་ད་ དེ་ཡང་ རྩོད་རྩ་དང་རྩོད་ཟླ་ལུ་ བྱིན་ཡོད་པའི་ངག་བརྗོད་༢ ཀྱི་བར་ན་ འབྲེལ་བ་མེད་པའི་ཁར་ ཆ་རོགས་ཀྱི་ ངག་བརྗོད་དེ་ སྐད་ཡིག་༢ ནང་དང་ བར་ན་འབྲེལ་བ་དང་ གཞི་མཐུན་མེད་པའི་ཁར་ ལག་བྲིས་ཡང་ གཅིག་མཚུངས་མིན་འདུག་ཟེར་ཞུ་ཡི།
གོང་འཁོད་གནད་དོན་ལུ་ གཞི་བཞག་ཐོག་ ལས་འཛིན་གྱི་འཛོམས་དཔང་༣ གྱིས་ ཕུལ་ཡོད་པའི་ངག་བརྗོད་ཚུ་ བདེན་ཁུངས་མིན་འདུག་ཟེར་ཨིན་པའི་ཁར་ ངག་བརྗོད་བྱིན་མི་༣ ཆ་ར་ ལས་འཛིན་གྱི་ལས་གཡོགཔ་ རྩོད་རྩ་ལུ་ ཁ་ཉེས་བཀལ་མི་ཨིནམ་ལས་ ཁེ་ཕན་ལྟག་སྤྲོད་བྱུང་ནི་ཨིནམ་ལས་ ངོས་ལེན་མཛད་མ་གནང་ཟེར་ཨིན་པས།
རྩོད་རྩ་གིས་ ཞུ་མིའི་ནང་ ཡིག་ཐོག་ཆོས་རྒྱུགས་སྐབས་ ཡིག་ཐོག་དྲི་ཤོག་ནང་ ཡིག་སྡེབ་དང་སྦྱོར་བ་ནང་ ནོར་བ་ཡོདཔ་ལས་ བདག་སྐྱོང་ལས་རོགས་བརྒྱུད་དེ་ སྤྱི་ཟླ་༤ པའི་ཚེས་༡༩ ལུ་ དྲི་ཤོག་ཚུ་ ལེན་ཡི་ཟེར་ཨིནམ་ད་ མི་སྟོབས་ཡིག་ཚང་གི་ ངག་བརྗོད་ཕུལ་མི་༣ གྱི་གདོང་ཁར་ དག་བཅོས་རྐྱབ་སྟེ་ཕུལ་ཡོདཔ་ད་ ཁོང་གི་ ཡིད་རངས་ཡོད་པའི་ངོས་ལེན་འབད་ཡོདཔ་ལས་ རྩོད་ཟླ་གིས་ ངག་བརྗོད་ནང་བཀོད་ཡོད་མི་ དྲི་ཤོག་ལེན་པའི་ དུས་ཚོད་དང་གནད་དོན་ཚུ་ བདེན་ཁུངས་མེད་ཟེར་ཞུ་ཡི།
རྩོད་རྩ་གིས་ ཞུ་མིའི་ནང་ ལས་འཛིན་གྱི་ ཡོངས་འབྲེལ་འཆར་སྒོ་ནང་ ཡིག་ཐོག་དང་ རིག་རྩལ་བརྟག་ཞིབ་ཀྱི་ གྲུབ་འབྲས་གསལ་བསྒྲགས་འབད་བའི་ཉིན་མར་ མི་སྟོབས་སྡེ་ཚན་ནང་ལས་ ཁོ་ར་ ཨང་དང་པ་ཨིན་པའི་ བརྡ་དོན་བརྒྱུད་འཕྲིན་ཐོག་འབད་བའི་ཁར་ སྟ་གོན་སྙན་གསན་སྐབས་ རྩོད་ཟླ་གིས་ ཁྲིམས་འདུན་ལུ་ ཡིག་ཐོག་དང་ རིག་རྩལ་བརྟག་དཔྱད་༢ ནང་ རྩོད་རྩ་དེ་ ཨང་དང་པ་ཨིན་པའི་ ངོས་ལེན་འབད་ཡོདཔ་བཞིན་དུ་ གནད་དོན་༢ ལུ་ གཞི་རུང་ ཁོ་ར་ ཨང་དང་པ་ཨིན་པའི་ བདེན་རྟགས་སྟོནམ་ལས་ དབྱེ་དཔྱད་མཐིལ་ཕྱིན་མཛད་དགོཔ་སྦེ་ཞུ་ཡི།
རྩོད་རྩ་གིས་འབད་བ་ཅིན་ རྩོད་ཟླ་གིས་ ཡོངས་འབྲེལ་ཐོག་གསལ་བསྒྲགས་འབད་མི་ཚུ་ བཤེར་ལན་དང་ བརྒལ་ལན་ནང་ གྲུབ་འབྲས་སྦེ་བཀོད་ཡོད་རུང་ སྒྲུབ་བྱེད་སྦེ་ཕུལ་མི་ ཡིག་ཐོག་གི་གྲུབ་འབྲས་ གོ་རིམ་ཅན་དེ་གིས་ ཡོངས་འབྲེལ་ཐོག་ གསལ་བསྒྲགས་འབད་ཡོད་པའི་ གདམ་འཐུ་གྲུབ་པའི་ མི་ངོམ་གི་ཐོ་དེ་ གྲུབ་འབྲས་ཨིན་པའི་ བདེན་རྟགས་བྱུང་ཡི་ཟེར་ཨིན་པས།
ཡིག་ཐོག་གྲུབ་འབྲས་ལུ་ གོ་རིམ་ཡོད་པ་ རིག་རྩལ་བརྟག་དཔྱད་དང་ ངག་ཐོག་གྲུབ་འབྲས་གཉིས་ གོ་རིམ་མེདཔ་སྦེ་ཡོད་མི་དེ་ རྩོད་ཟླ་གིས་ བཤེར་ལན་དང་བརྒལ་ལན་གྱི་ ཞུ་བ་ལྟར་དུ་ མཐུན་སྒྲིག་བཟོ་བ་དང་ གྲུབ་འབྲས་ཀྱི་ ཨང་རིམ་ཡར་མར་བཟོ་སྟེ་ གཡོ་སྒྱུར་འབད་བ་མ་གཏོགས་ ཕི་སེལ་གྲུབ་པའི་མིང་ཐོ་ཡང་ཨིན་པའི་ཁར་ གོ་རིམ་ཅན་གྱི་གྲུབ་འབྲས་རང་ ཨིན་མས་ཟེར་ཨིན་པས།
དེ་མ་ཚད་ ལས་འཛིན་གྱིས་ རྫོང་ཁའི་ལས་རིམ་བཟོ་མི་ གདམ་འཐུ་འབད་བའི་སྐབས་ ཨིང་སྐད་ཀྱི་ གསལ་བཤདཔ་དང་ ལས་རིམ་བཟོ་མི་༢ གདམ་འཐུ་འབད་ཡོདཔ་ལས་ ཨིང་སྐད་ཀྱི་དོན་ལུ་ གདམ་འཐུ་འབད་ཡོད་པའི་ བྱ་རིམ་ལུ་ལྟ་བ་ཅིན་ ཡོངས་འབྲེལ་དང་གསལ་བསྒྲགས་འབད་མི་དེ་ གོ་རིམ་ཅན་གྱི་ གྲུབ་འབྲས་ཨིན་པའི་ མངོན་གསལ་བྱུངམ་བཞིན་དུ་ ལས་སྡེ་ཅིག་ནང་ གསར་བཙུགས་ལམ་ལུགས་༢ ཡོད་པའི་ བརྡ་སྟོན་མས་ཟེར་ཨིན་པས།
རྩོད་ཟླ་གིས་ ཕྱི་སེལ་གྲུབ་པའི་མིང་ཐོ་དེ་ གོ་རིམ་མེན་པར་ ག་ཚུད་སྦེ་ གསལ་བསྒྲགས་འབད་ཡི་ཟེར་ཞུ་མི་དེ་ ཞི་གཡོག་ལྷན་ཚོགས་དང་ ལས་གཡོག་ལྷན་ཁག་༢ ཀྱིས་ གསར་བཙུགས་དང་ གདམ་འཐུའི་ལམ་ལུགས་དང་ འགལ་ཡོདཔ་མ་ཚད་ ལས་འཛིན་གྱིས་ བཅའ་ཁྲིམས་༢༠༡༥ ཅན་མའི་ གསར་བཙུགས་ལམ་ལུགས་ལས་ འགལ་ནུག་ཟེར་ཨིནམ་ད་ རྩོད་ཟླ་གིས་ གཞི་ག་ཅི་ལུ་བཞག་སྟེ་ མིང་ཐོ་དེ་ གོ་རིམ་མེན་པ་ ག་ཚུད་འབད་ཡོདཔ་ཨིན་ན་ བདེན་ཁུངས་བསྐྱལ་དགོཔ་སྦེ་ ཞུ་ཡི།
རྩོད་རྩ་གིས་ ཞུ་མིའི་ནང་ ཕྱི་སེལ་གྲུབ་པའི་མི་ངོམ་ཚུ་གི་ མིང་ཐོ་དེ་ སྐུགས་མཐོ་དམན་ལུ་ གཞི་བཞག་སྟེ་ གསལ་བསྒྲགས་འབད་དོ་ཡོདཔ་ལས་ ཁོ་གི་ སྒྲུབ་བྱེད་སྦེ་ཕུལ་མི་ གོ་རིམ་ཅན་གྱི་གྲུབ་འབྲས་ལུ་ རྩོད་ཟླ་གིས་ ཁྲིམས་འགལ་ཨིན་པའི་ཞུ་བ་དེ་ དོན་སྟོང་ཨིན་ཟེར་ཞུ་ཡི།
སྤྱི་ཟླ་༤ པའི་ཚེས་༢༩ ལུ་ རྩོད་རྩ་གིས་ མཐའ་དཔྱད་གྲུབ་འབྲས་སྐོར་ ཉོགས་བཤད་བཀོད་པའི་ཉིན་མར་ ལས་འཛིན་གྱི་ཡོངས་འབྲེལ་འཆར་སྒོ་ནང་ལས་ རྫོང་ཁའི་ལས་རིམ་བཟོ་མའི་ གྲུབ་འབྲས་བཏོན་གཏང་མི་དེ་ རྩོད་ཟླ་ལུ་ འཛོལ་བ་ཡོད་པའི་ བདེན་རྟགས་སྟོནམ་མ་ཚད་ རྣམ་རྟོག་ལང་དགོ་པའི་ གཞི་ཅིག་འབད་ཡོད་ཟེར་ཨིན་པས།
རྩོད་རྩ་གིས་ འཛིན་སྐྱོང་འགོ་དཔོན་ལུ་ ཡིག་ཐོག་ཞུ་བ་ཕུལ་ཏེ་ གནང་བ་འཐོབ་པའི་ཤུལ་ བདེན་དཔྱད་འབད་བའི་སྐབས་ མི་སྟོབས་སྡེ་ཚན་གྱི་ གྲུབ་འབྲས་ཚུ་ དྭངས་གསལ་སྦེ་ གསལ་སྟོན་མ་འབད་ཟེར་ ཞུ་བ་ཕུལ་ཡོདཔ་མ་གཏོགས་ གཞན་ལོགས་སུ་མ་ཞུ་ཟེར་ཨིན་པས།
རྩོད་རྩ་གིས་ ཞུ་མིའི་ནང་ མི་སྟོབས་སྡེ་ཚན་གྱི་ ཁོ་ལུ་ གསལ་སྟོན་འབད་མི་དེ་ མཐའ་དཔྱད་གྲུབ་འབྲས་རྐྱངམ་གཅིག་ ཨིན་ཟེར་ཨིནམ་ད་ རྩོད་ཟླ་གིས་ ཁྲིམས་འདུན་ལུ་ཕུལ་མི་ ཡིག་ཐོག་དང་རིག་རྩལ་ ངག་ཐོག་གྲུབ་འབྲས་༣ རྩོད་རྩ་ལུ་ གསལ་སྟོན་མ་འབདཝ་མ་ཚད་ སྤྱི་ཟླ་༤ པའི་ཚེས་༢༩ ལུ་ གསལ་སྟོན་འབད་མི་ མཐའ་དཔྱད་གྲུབ་འབྲས་དང་ ཁྲིམས་འདུན་ཕུལ་མི་ མཐའ་དཔྱད་གྲུབ་འབྲས་༢ སྒྲིག་བཀོད་རང་ མ་འདྲཝ་སྦེ་ ཕུལ་ཡོདཔ་ལས་ ཁྲིམས་ཀྱི་དབྱེ་དཔྱད་འབད་དགོཔ་སྦེ་ ཞུ་ཡི།
རྩོད་རྩ་གིས་ ཞུ་མིའི་ནང་ སོར་ཐེབས་ ཨིས་ཊེན་བཱཡི་ ན་ཨིན་ཟེར་ ག་ཏེ་ལུ་ཡང་ སླབ་པ་དང འཁོད་པ་མེད་ཟེར་བཀོད་མི་དེ་ སྤྱི་ཟླ་༤ པའི་ཚེས་༢༩ ལུ་ རྩོད་ཟླ་གིས་ གསལ་སྟོན་འབད་མི་གྲུབ་འབྲས་ ག་ཨིནམ་སྦེ་ ཁྲིམས་འདུན་ལུ་ མ་ཕུལཝ་ལས་བརྟེན་ཨིན་པའི་ཁར་ རྩོད་ཟླ་གིས་ རྩོད་རྩ་ཨང་༣ པ་ ངེས་བདེན་ཨིན་ཟེར་བའི་ ཁས་ལེན་དེ་གིས་ སོར་ཐེབས་ནང་ཡོད་པའི་ བདེན་རྟགས་སྟོནམ་མས་ཟེར་ ཨིན་པས།
རྩོད་རྩ་གིས་ ཞུ་མིའི་ནང་ རྩོད་ཟླ་གི་ བྱ་བ་ངན་པ་བརྩམས་ཏེ་ ཉེས་ལས་འཐབ་ཡོདཔ་ལས་ ཁོ་ལུ་ ཁ་ཉེས་བཀལ་མི་དེ་ ཁོང་རའི་འཛོལ་བ་ལས་ ཟུར་ཐབས་འབད་ནིའི་དོན་ལུ་ བྱ་སྒོ་ངན་པ་ བརྩམས་ཡོདཔ་མ་གཏོགས་ གཏམ་འགོ་མཇུག་སྦྲགས་དགོ་པ་ཅིན་ བདེན་ཁུངས་མི་འཐོན་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *