ང་བཅས་ག་ར་གིས་ མཉམ་རུབ་ཐོག་ལས་ གདོང་ལེན་འབད་དགོ།

༉ སྤྱི་ཟླ་༣ པའི་ཚེས་༦ གི་དྲོ་པར་ འབྲུག་མི་ཚུ་ལོངམ་ཅིག་ རྒྱལ་ཁབ་ནང་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་མི་དང་པ་ ངོས་འཛིན་བྱུང་པའི་ གནས་ཚུལ་ནུག།
ཀུན་གསལ་ནང་འབད་བ་ཅིན་ དེ་ཚེ་ནུབ་མོར་ རྫོང་ཁག་དང་ ཨིང་ལིཤ་གསར་ཤོག་གཉིས་ཆ་ར་ པར་སྐྲུན་འབད་ཚར་ཏེ་ ལས་བྱེདཔ་ཚུ་ རང་སོའི་ཁྱིམ་ནང་ ཞག་ཉལ་ཡོད་རུང་ COVID-19 ནད་འབུབ་ཀྱི་སྐོར་ལས་ ག་ནི་བ་གལ་ཆེ་བའི་ རྒྱལ་ཡོངས་ཀྱི་ གསལ་བསྒྲགས་ཅིག་ གསར་ཤོག་ནང་བཙུགས་ནིའི་དོན་ལུ་ ང་བཅས་ཡིག་ཚང་ནང་ དྲོ་པ་ར་ཆུ་ཚོད་༣ ལུ་ ལོག་འོང་དགོཔ་བྱུང་ཡི།
དེ་བསྒང་ སྤྱིར་བཏང་གི་ སྣང་བ་ལུ་ ཉིནམ་དེ་གི་ཧེ་མར་ ཟུར་བཞག་ནད་བརྟག་ཐོག་ལུ་བཞག་མི་ ཇར་མཱན་གྱི་ བཟའ་གྲོགས་ལུ་ ནད་འབུབ་ཐོབ་ཡོད་པའི་ ངོས་བཟུང་འབད་ཡོདཔ་ འོང་ནི་མས་ཟེར་ མནོ་སྡོད་པའི་བར་ན་ ཁྱབ་བསྒྲགས་འབདཝ་ད་ ནད་ཐོབ་མི་དེ་ སྐྱེས་ལོ་༧༦ ལང་མི་ ཨེ་མི་རི་ཀའི་ ལྟ་བཤལཔ་ཨིནམ་བཞིན་དུ་ ནད་འབུབ་ཀོ་བིཌ་-༡༩ དེ་ ག་གིས་འབག་འོང་ཡོད་རུང་ འབྲུག་ལུ་ ནད་འབུབ་ཐོབ་མི་དང་པ་ ཐོན་ཡོདཔ་ཨིན།
ད་རེས་ འཛམ་གླིང་ནང་འཁོད་ཀྱི་ རྒྱལ་ཁབ་༡༢༥ དེ་ཅིག་གིས་ ནད་་ཡམས་ཁྱབ་སྤེལ་བཀག་ཐབས་ལུ་ གདོང་ལེན་འབད་བའི་བསྒང་ཡོདཔ་ད་ ནད་འབུབ་དེ་ དང་པ་ར་ རྒྱ་ནག་ལུ་ ཐོན་ཡོད་པའི་ གཞུང་འབྲེལ་དུ་ གསལ་བསྒྲགས་འབད་བའི་ཤུལ་ལས་ འབྲུག་པའི་ས་ཁོངས་ནང་ ནད་འབུབ་ལྷོད་ནི་ལུ་ ཟླཝ་༢ དེ་ཅིག་འགོར་ནུག།
འབྲུག་ལུ་ ཚ་གྱང་སྦོམ་ཤོས་ར་ ས་མཚམས་སྒོ་ཡངས་དྲགས་ཡོད་མི་ རྒྱ་གར་གྱི་ ཁྱིམ་མཚེས་མངའ་སྡེ་ཚུ་ནང་ ནད་གཞི་འཐོན་ནི་གི་ ཉེན་ཁ་ཡོད་མི་དེ་ཨིན། ཨིན་རུང་ ད་ཚུན་གྱི་བར་ན་ ཨ་སམ་དང་ ནུབ་བེང་གཱལ་ དེ་ལས་ ཨ་རུ་ན་ཅཱལ་པར་དེཤ་མངའ་སྡེ་ཚུ་ནང་ ནད་འབུབ་ཐོབ་ཡོད་པའི་ སྙན་ཞུ་མེད་ནི་དེ་གིས་དྲགཔ་མས།
ད་རེས་བཟུམ་མའི་ གནས་སྟངས་ནང་ འབྲུག་མི་ཚུ་གི་ནང་ལས་ཡང་ དམིགས་བསལ་དུ་ ཕུན་ཚོགས་གླིང་བརྒྱུད་དེ་ འོང་མི་ཚུ་ ཟུར་བཞག་ནད་བརྟག་ཁང་ནང་ བཞག་ནི་དེ་ དཀའ་ངལ་ཅན་ཅིག་ འོང་ནི་བཟུམ་མཐོངམ་མས། ག་འཆར་ཟེར་བ་ཅིན་ ས་མཚམས་ཁྲོམ་སྡེ་གིས་ ཇའི་སྒང་ལུ་སྡོད་མི་ འབྲུག་མི་༣,༠༠༠ ལྷགཔ་ཅིག་དང་ ཕྱི་ཁ་ལུ་ ཤེས་ཡོན་ལྷབ་མི་ སློབ་ཕྲུག་དང་ དགེ་སློང་ དེ་ལས་ ལཱ་འབད་མི་ མང་ཧད་རྫོགསཔ་ཅིག་ཡོད་མི་ཚུ་ལུ་ ལྷན་ཐབས་འབད་དགོཔ་ད་ གདོང་ལེན་ཅན་འོང་ནི་མས།
ད་རུང་ ནད་འབུབ་ཐོབ་མི་དང་པ་ བདའ་མ་ཟུན་པའི་ཧེ་མ་ལས་ ལྟ་བཤལཔ་ཚུ་ རྒྱལ་ཁབ་ནང་ འོང་ནི་ལས་ བཀག་དམ་འབད་དགོཔ་སྦེ་ ཞུ་བསྐུལ་འབད་མི་ ཐོན་ཡོད་རུང་ གཞུང་གིས་ ཞབས་སྡེ་ཚན་ནང་ལས་ ལྷག་པར་དུ་ ལྟ་བཤལ་སྡེ་ཚན་ལུ་ འཚོ་བ་བརྟེན་སྡོད་མི་ འབྲུག་མི་༡༠༠,༠༠༠ ལྷགཔ་ཅིག་གི་ མཐའ་དོན་ལུ་གཟིགས་ཏེ་ ལྟ་བཤལ་བཀག་འཛིན་མ་གནང་མི་དེ་ འོས་འབད་དང་ལྡན་པའི་ གྲོས་ཆོད་ཅིག་ཨིན་མས།
ད་རེས་ འབྲུག་གི་ རང་དབང་རང་བཙན་དང་ ཉེན་སྲུང་སྒྲིང་སྒྲི་སྦེ་ཡོད་མི་དེ་ སྐུ་འོ་བརྒྱལ་བ་དང་ ཐུགས་འཚེར་བ་མ་གཟིགས་པར་ ཕྱག་ལཱ་མཛད་གནང་མི་ འབྲུག་མངའ་བདག་རྒྱལཔོ་རིམ་བྱོན་ཚུ་གི་ དབུ་ཁྲིད་དང་ ལམ་སྟོན་བཟང་པོ་གནང་མི་དང་ འབྲུག་མི་ཚུ་གིས་ ཅི་ལྕོགས་གང་ལྕོགས་ཐོག་ལས་ ཕྱག་ཞུ་སྟེ་ མི་དབང་རྒྱལཔོ་ཚུ་གི་ ཐུགས་དགོངས་གྲུབ་མི་ལུ་བརྟེན་ཨིན།
ད་ཚུན་གྱི་བར་ན་ མཐར་འཁྱོལ་བྱུང་མི་ཚུ་གཙོ་བོ་ར་ འབྲུག་མངའ་བདག་རྒྱལ་པོ་དང་ མི་སེར་གྱི་བར་ན་ བློ་གཏད་ཡིད་ཆེས་ཡོད་ནི་དེ་ཨིནམ་ད་ ང་བཅས་རའི་ རྒྱལཔོ་ཚུ་གིས་ འབྲུག་རྒྱལ་ཁབ་ལུ་ གདོང་ལེན་ཚུ་བྱུང་པའི་ ནམ་དུས་ལུ་ འགྲན་ཟླ་དང་བྲལ་བའི་ ཁྱད་འཕགས་ཅན་གྱི་ དབུ་ཁྲིད་གསལ་སྟོན་ཐོག་ བསལ་གནང་ཡོད།
ད་རེས་འབད་རུང་ ང་བཅས་རའི་ སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ ནད་ཡམས་ཀོ་བིཌ-༡༩ ལུ་ གདོང་ལེན་འབད་དེ་ རྒྱལ་ཁབ་ཉེན་སྲུང་དང་ལྡནམ་སྦེ་ བཞག་ཐབས་ལུ་ སྐུ་སྲོག་ལུ་ གནོད་ཉེན་ཡོད་རུང་ གདོང་མཛངས་ཏེ་ རྒྱལ་ཁབ་སྣ་ཁྲིད་མཛད་བཞིན་དུ་ཡོད་མི་དེ་ཡང་ མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ བློས་བཏང་ཐོག་ལས་ ཞག་ལེ་ཤ་ཅིག་གི་རིང་ མནལ་གཟིམ་མེད་པར་ རྒྱལ་ཁབ་ནང་ ཆིབས་སྐྱོད་གནང་སྟེ་ འཛུལ་སྒོ་གཙོ་ཅན་ཚུ་ནང་ ནད་ཡབས་ཀྱི་ གདོང་ལེན་ལུ་ གྲ་སྒྲིག་འབད་མི་ཚུ་ གཟིགས་ཞིབ་གནངམ་མ་ཚད་ ནད་འབུབ་ཁྱབ་སྤེལ་བཀག་ཐབས་ལུ་ ཐབས་ལམ་ཚུ་ ལག་ལེན་འཐབ་མི་ གཞུང་དང་ས་གནས་གཞུང་ལུ་ ལམ་སྟོན་གནང་སར་མཇལཝ་མས།
ནད་འབུབ་ཐོབ་མི་དང་པ་ མངོན་གསལ་བྱུང་པའི་ གནས་ཚུལ་གོཝ་ད་ མི་སེར་ཚུ་ལུ་ འདྲོག་བྱེལ་འཐབ་དགོཔ་ བྱུང་ཡོད་རུང་ མི་དབང་མངའ་ཞབས་མཆོག་གི་ ལམ་སྟོན་ཐོག་ལུ་ བློན་ཆེན་དང་ གཞུང་གིས་ ཐུགས་རིག་རྣམ་པར་བཀྲ་བའི་སྒོ་ལས་ གནས་སྟངས་ལག་ལེན་འཐབ་མི་ལུ་ ང་བཅས་ཀྱིས་ ཧིང་དྭངས་མའི་དཀྱིལ་ལས་ར་ བཀྲིན་དགའ་ཚོར་ཕུལ་དགོཔ་བཞིན་དུ་ ནདཔ་དེ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཞབས་ཏོག་ཞུ་མི་ གསོ་བའི་ལས་བྱེདཔ་༡༦ གིས་ ལེགས་ཤོམ་སྦེ་ གཅེས་སྐྱོང་དང་ བདག་འཛིན་འཐབ་ཡོདཔ་མ་ཚད་ དམིགས་བསལ་དུ་ མི་དབང་མཆོག་ལས་ ཐུགས་ཀྱི་བརྩེ་བ་སྦོམ་སྦེ་ གཟིགས་གནང་མི་དེ་ འབྲུག་མི་ཡོངས་ལུ་ དཔའ་ཉམས་བསྐྱེད་དགོ་པའི་ གཞི་གནད་ཅིག་ལུ་གྱུར་ཡོད།
ཁོང་རའི་ཚེ་སྲོག་ལུ་ ཉེན་ཁ་ཡོད་རུང་ ནདཔ་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་འཐབ་སྟེ་ གནས་སྟངས་ལཱ་ཁག་ནང་ ལཱ་འབད་མི་ ང་བཅས་རའི་ དྲུང་འཚོ་དང་ སྨན་གཡོགམོ་ གསོ་བའི་སྨན་པ་ཚུ་ལུ་ རྗེས་སུ་ཡིད་རངས་བསྐྱེད་དེ་ ནམ་ཡང་བརྗེད་ནི་མི་འོང་།
ད་ལྟོ་ རྒྱལ་ཁབ་འདི་ ཉེན་ཁ་ཆེ་བའི་ དུས་ཚོད་ནང་ཡོདཔ་ད་ འབྲུག་མི་ག་ར་གིས་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ གཞི་རྟེན་འགན་ཁུར་འབག་དགོཔ་དེ་ ག་ནི་བ་གལ་ཆེ། རྩ་ཁྲིམས་ཆེན་མོའི་ནང་ འབྲུག་པའི་མི་སེར་ཅིག་གིས་ འབྲུག་གི་རང་བཙན་དང་ས་ཁྱོན་གཅིག་སྒྲིལ་ བདེ་སྲུང་ གཅིག་མཐུན་འདི་ གཉེར་སྲུང་དང་ ཉེན་སྐྱོབ་ སྲུང་སྐྱོབ་འབད་དགོ་པའི་ཁར་ སྤྱི་ཚོགས་ཀྱིས་ གསལ་བརྡ་གནངམ་ད་ རྒྱལ་ཡོངས་ཞབས་ཏོག་ཞུ་དགོཔ་སྦེ་འཁོད་དེ་ཡོདཔ་ཨིན།
ང་བཅས་ཀྱིས་ གཞི་རྟེན་འགན་ཁུར་འབག་ནིའི་དོན་ལུ་ སྤྱི་ཚོགས་ཀྱི་ གཞུང་འབྲེལ་བཀའ་རྒྱ་ལུ་ བསྒུག་ཐབས་མེདཔ་ལས་ ད་ལྟོ་ ཞབས་ཏོག་ཞུ་དགོཔ་བཞིན་དུ་ ད་རེས་ཀྱི་ཐད་ལུ་ ང་བཅས་རེ་རེ་བཞིན་དུ་གིས་ སྤྱི་ལོ་༢༠༠༩ ཟླ་༡༢ པའི་ཚེས་༡༧ ལུ་ འབྲུག་མངའ་བདག་རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ལུ་ གསུང་བཤད་གནང་མི་ལས་ དྲན་ཤེས་བསྐྱེད་དགོ།
མི་དབང་མཆོག་གིས་ ང་བཅས་རའི་ རྒྱལ་ཁབ་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ རྒྱལ་ཁབ་སྦེ་ སླབ་དགོ་མི་དེ་ཡང་ དགའ་སྐྱིད་ཀྱི་ངང་ལུ་སྡོདཔ་ད་ ང་བཅས་ག་ར་འཛོམས་ཏེ་ སྤྲོ་བ་སྟོན་པའི་ཁར་ མྱ་ངན་དང་ སྡུག་བསྔལ་སྦོམ་ཕོགཔ་ད་ ང་བཅས་ག་ར་ བཟའ་ཚང་གཅིག་གི་འཐུས་མི་བཟུམ་སྦེ་ མྱ་ངན་འབདཝ་ཨིན་ཟེར་ གསུངས་ཡི། གལ་སྲིད་ ལཱ་འབད་དགོཔ་ཡོད་པ་ཅིན་ ང་བཅས་ཀྱིས་ འགན་ཁུར་འདྲ་མཉམ་བགོ་སྟེ་ ལཱ་འབདཝ་མ་ཚད་ ང་བཅས་ལུ་ དཀའ་ངལ་ཅིག་ བྱུང་པ་ཅིག་ གཅིག་ཁར་སྦེ་ སེལ་ཐབས་འབད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ རང་བཞིན་གྱི་ རྐྱེན་ངན་བྱུང་མི་ལུ་ དཔེ་བཞག་པ་ཅིན་ རྐྱེན་ངན་ཚུ་གིས་ མི་ཆ་མཉམ་ལུ་ གནོད་སྐྱོན་བྱུང་ཡོདཔ་བཟུམ་སྦེ་ ག་ར་གཅིག་ཁར་ཐོན་ཏེ་ དཀའ་སྡུག་སེལ་ཡོདཔ་བཞིན་དུ་ འདི་ལུ་N ང་གིས་ ཡིད་ཆེས་རུང་བའི་ མིག་དཔེ་ཨིན་སྦེ་ སླབ་ནི་དང་ ང་བཅས་ཀྱིས་ དགའ་སྣང་བསྐྱེད་དགོཔ་ཨིན་ཟེར་ གསུངས་ཡོད།
ད་རེས་ མི་ཚུ་གིས་ ནད་ཡམས་བཀག་ཐབས་ལུ་ རྒྱལ་ཡོངས་ཀྱི་ བརྩོན་ཤུགས་ཚུ་ལུ་ རྒྱབ་སྐྱོར་འབད་བར་ འོང་བཞིན་དུ་ཡོདཔ་ད་ འབྲུག་གི་ཆ་རོགས་བཅར་ཤོས་ རྒྱ་གར་གཞུང་གིས་ ང་བཅས་ལུ་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་བྱིན་ནི་སྦེ་ ཁས་ལེན་འབད་དེ་ཡོད།
འཛམ་གླིང་གི་གནས་སྟངས།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ སྤྱི་ཟླ་༣ པའི་ཚེས་༡༡ ལུ་ COVID-19 དེ་ འཛམ་གླིང་ལུ་ཁྱབ་པའི་ རིམས་ནད་སྦེ་ གསལ་བསྒྲགས་འབད་ཡོདཔ་ད་ ནད་འབུབ་དེ་ རྒྱ་ནག་རྒྱལ་ཁབ་ཀྱི་ཕྱི་ཁར་ དར་ཁྱབ་སོང་ཞིནམ་ལས་ཚུར་ འཛམ་གླིང་ནང་འཁོད་ཀྱི་ རྒྱལ་ཁབ་ཚུ་གིས་ རིམས་ནད་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ ཐབས་ལམ་འདྲ་མིན་སྣ་ཚོགས་ལག་ལེན་འཐབ་པའི་ཡོདཔ་ད་ ད་རེས་ཚུན་ཚོད་ཀྱི་བར་ན་ ནད་ཡམས་ཀྱིས་ ཐོ་སྦོམ་སྦེ་ཕོག་མི་ རྒྱལ་བཁ་ཚུ་གི་གྲས་ལས་ རྒྱ་ནད་མ་བརྩིས་བར་ ཨི་ཊ་ལི་དང་ ཨི་རཱན་ ཨིསི་པེན་ ཕ་རཱནསི་ ཇར་མ་ནི་རྒྱལ་ཁབ་ཚུ་ཨིན་པས།
ཨི་ཊ་ལི་རྒྱལ་ཁབ་ནང་ མི་ཚུ་ ཕྱི་ཁར་འཐོན་ནི་དང་ ཁྲོམ་སྡེ་ལ་སོགས་པ་ཚུ་ནང་འགྱོ་ནིའི་ རྒྱུན་འགྲུལ་བཀག་དམ་འབད་དེ་ཡོད་པའི་ཁར་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ཨི་རཱན་ལུ་ ཆེ་མཐོའི་འགོ་དཔོན་ དཔེར་ན་ གཙོ་འཛིན་འོག་མ་༡༡ ལས་༡ དང་ གསོ་བའི་བློན་པོ་འོགམ་ དེ་ལས་ སྤྱི་ཚོགས་ཀྱི་འཐུས་མི་༢༤ ལུ་ ནད་འབུབ་ཐོབ་ནུག།
ཁ་ཙ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ གནས་སྡུད་དང་ ཀོ་བིཌ་-༡༩ དང་འབྲེལ་བའི་ གནས་ཚུལ་ཚུ་དང་འཁྲིལཝ་ད་ འཛམ་གླིང་ནང་ ནད་འབུབ་ཐོབ་མི་༡༥༢,༤༢༨ ཡོད་མི་ལས་༧༢,༠༠༠ ལྷགཔ་ཅིག་ དྲག་ཡོདཔ་མ་ཚད་༥,༧༢༠ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ཉེན་ཁ་ཆེ་ཤོས་ཡོད་མི་ རྒྱལ་ཁབ་ཚུ་ཡང་ ཁ་ཙ་ཕྱི་རུ་ཚུན་ཚོད་ རྒྱ་ནག་ལུ་ ནད་འབུབ་ཐོབ་མི་༨༡,༠༤༨ དང་ ཨི་ཊ་ལི་ལུ་༢༡,༡༥༧ ཨི་རཱན་ལུ་༡༢,༧༢༩ ལྷོ་ཀོ་རི་ཡ་ལུ་༨,༠༨༦ ཨིསི་པེན་ལུ་༥,༧༥༣ ཕ་རཱནསི་ལུ་༤,༤༦༩ ཇར་མ་ནི་ལུ་༣,༧༩༥ ཡུ་ཨེསི་ཨེ་ལུ་༡,༦༧༨ སུ་ཡིད་ཛར་ལེནཌ་ལུ་༡,༣༥༩ འདུག།
གནས་སྡུད་ཚུ་ལུ་ བལྟ་བ་ཅིན་ ནད་འབུབ་དེ་ རྣམ་རྟོག་ལང་སི་སི་སྦེ་ ཁྱབ་སྤེལ་འགྱོཝ་མ་ཚད་ དེ་གིས་ རྒྱལ་ཁབ་ཕྱུགཔོ་དང་ སྟོབས་ཤུགས་ཅན་ དེ་ལས་ གོང་འཕེལ་ཐལ་མི་ རྒྱལ་ཁབ་ཚུ་ནང་ དར་ཁྱབ་འགྱོ་དོ་ཡོདཔ་ལས་ གནས་སྟངས་སྐྱོ་དྲགས་ཅིག་ལུ་ འགྱུར་ནི་བཟུམ་མཐོངམ་མས།
འབྲུག་ལུ་འབད་བ་ཅིན་ སྤྱི་ཟླ་༣ པའི་ཚེས་༡༤ ཚུན་ཚོད་ དོགས་པ་ཅན་༢༣༨ ཀྱི་ དཔེ་ཚད་ཚུ་ལུ་ བརྟག་དཔྱད་འབད་ཡོད་རུང་ ཨེ་མི་རི་ཀའི་ ལྟ་བཤལཔ་མ་གཏོགས་ དཔེ་ཚད་གཞན་ཆ་མཉམ་ར་ ནད་འབུབ་མེད་པའི་ གྲུབ་འབྲས་ཐོན་ནུག།
དོགས་པ་ཅན་༢༣༨ ལས་༧༨ ས་གོ་སོ་སོའི་ ཟུར་བཞག་ནད་བརྟག་ལྟེ་བ་ཚུ་ནང་ བཞག་སྟེ་ཡོད་པའི་ཁར་ མི་༡༧ རང་སོའི་ཁྱིམ་ནང་ ཟུར་ཏེ་སྡོད་ཡོདཔ་ད་ ནད་ཡམས་ལུ་བརྟེན་ མི་ཚེའི་གནས་སྟངས་དང་ ཚོང་འབྲེལ་ལུ་ བར་ཆད་བྱུང་ཡོད་རུང་ ད་ལྟོ་ གནས་སྟངས་དེ་ དམ་འཛིན་ཐོག་ལུ་ཡོདཔ་བཟུམ་སྦེ་ མཐོང་སྣང་བྱུངམ་མས། འབྲུག་འདི་ ཆོས་ལྡན་གྱི་ རྒྱལ་ཁབ་ཅིག་འབདཝ་ལས་ ནད་ཡམས་ལས་ བཟློག་ཐབས་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ གྲྭ་ཚང་དང་ བཤད་གྲྭ་ ལྷ་ཁང་དགོན་སྡེ་ཚུ་ནང་ སྐུ་རིམ་ཚུ་ གནང་པའི་བསྒང་འདུག།
ཤེས་མྱོང་།
ཀོ་རོ་ན་བའེ་རཱསི་གི་ འཇིགསསྣང་ལུ་བརྟེན་ ང་བཅས་ལུ་ ཤེས་མྱོང་དག་པ་ཅིག་ ཐོབ་ཡོདཔ་ད་ དེ་ཡང་ ནད་འབུབ་ཀྱི་ གདོང་ལེན་དང་ ཉེན་སྲུང་གི་ ཐབས་ལམ་དང་པ་ར་ ལྟ་རྟོག་འབད་ནི་དང་ འབྲུག་མི་ཚུ་གིས་ གནད་དོན་ག་ཅི་ར་ཨིན་རུང་ གསང་མ་བཞག་པར་ ཕྲང་སྟེ་སླབ་ནི་དང་ དྲང་སྤྱོད་སྟོན་དགོཔ་དེ་ གལ་གནད་ཅན་ཅིག་ཨིན་པའི་ ཤེས་རྟོགས་བྱུང་ཡི། འབྲུག་ལུ་འོང་མི་ཚུ་གི་ འགྲུལ་ཡིག་སྐོར་ གསལ་སྟོན་འབད་བ་ཅིན་ མི་སེར་གཞན་ལུ་ ནད་འབུབ་སྤེལ་ནི་ལས་ ཉེན་སྲུང་འབད་ཚུགསཔ་ཨིན།
ད་རུང་ མ་བདེན་པའི་ རྫུན་གཏམ་ཚུ་ཡང་ ཁྱབ་སྤེལ་འབད་མི་དེ་གིས་ མི་མང་ལུ་ ལྷན་ཐབས་མེན་པར་ ཧེང་སྐལ་ར་ འདྲོག་བྱེལ་དང་ སྤྱགས་སྡུག་འཐབ་བཅུག་དོ་ཡོདཔ་ལས་ གནས་ཚུལ་རྫུས་མ་དང་ བརྡ་དོན་ཕྱི་འགྱུར་སྤེལ་མི་ཚུ་ལུ་ ང་བཅས་ཀྱིས་ གདོང་ལེན་འབད་དེ་ བཀག་ཆ་འབད་དགོ། ད་རེས་ཀྱི་ དུས་ཚོད་དེ་ འདྲོག་བྱེལ་འཐབ་བཅུག་ནི་མེན་པར་ རྒྱལ་ཡོངས་ཀྱི་ ཚ་གྱང་དེ་ མཉམ་འབྲེལ་ཐོག་ལས་ སེལ་ཐབས་འབད་ནི་གི་ དུས་ཚོད་ཅིག་ཨིན།
དེ་གིས་མ་དོ་བར་ ད་ལྟོ་གདོང་ལེན་བྱུང་སྟེ་ཡོད་མི་ཚུ་ སེལ་ཐབས་ལུ་ གཙོ་རིམ་བཟུང་མི་དང་འཁྲིལ་ དགོས་མཁོ་བྱུང་པ་ཅིན་ ང་བཅས་རའི་ གོང་འཕེལ་འཆར་གཞིའི་ ལས་སྣ་ཚུ་ཡང་ ལོག་གཙོ་རིམ་སྒྲིག་ནི་གི་ ཐུགས་བཞེད་ཡང་ གནང་དགོཔ་འདུག་ཟེར་ ཞུ་ནི་ཨིན།

བ་ཅུ་ཕུརཔ་རྡོ་རྗེ།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *