ཤེས་རིག་བློན་པོ་ ཇའེ་བིར་རའི།

ང་གིས་ སློབ་དཔོན་ཚུ་གི་ སེམས་ཤུགས་ཡར་དྲག་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་ནི།

༉ མ་གཞི་ ཤེས་རིག་བློན་པོ་གསརཔ་ ཇའི་བིར་རའི་དེ་ དངུལ་རྩིས་ཀྱི་ མཁས་མཆོག་ཅིག་ཨིན་རུང་ ཤེས་རིག་ལྷན་ཁག་ནང་ ལཱ་འབད་ནི་ལུ་ གདོང་ལེན་སྦོམ་ཅིག་ ག་ནི་ཡང་ མི་འབྱུང་ཟེར་ཨིན་པས།
ཤེས་རིག་བློན་པོ་གིས་ སླབ་མིའི་ནང་ ད་རེས་ ཤེས་རིག་ལས་རིམ་དང་ ལས་སྣ་ཚུ་ འཆར་གཞི་ཨམ་ནང་ བཙུགས་ཏེ་ཡོདཔ་མ་ཚད་ མི་སྟོབས་ཚུ་ སྒྲིང་སྒྲི་དང་ གཞི་རྟེན་ཡང་ ལེགས་ཤོམ་འདུག་ཟེར་ཨིན་པས།
བློན་པོ་ཇའི་བིར་རའི་གིས་འབད་བ་ཅིན་ ཁོ་གིས་ འཛིན་སྐྱོང་དང་ མི་སྟོབས་ནང་ དོན་སྨིན་ཅན་སྦེ་ ལྷན་ཐབས་འབད་ཚུགས་ནི་མས་ཟེར་ཨིནམ་ད་ ད་རེས་ ཤེསརིག་ལྷན་ཁག་ནང་ ལམ་ལུགས་དང་ ཐབས་བྱུས་ཚུ་ག་ར་ བཙུགས་ཏེ་ཡོདཔ་ལས་ བསྐྱར་བཅོས་དང་ བསྒྱུར་བཅོས་འབད་དགོཔ་ ག་ནི་ཡང་མེདཔ་ལས་ མདུན་སྐྱོད་གང་མགྱོགས་འབད་ནི་གཅིག་ར་ཨིན་པས་ཟེར་ བཤདཔ་ཨིན་པས།
ལྷན་ཁག་ནང་ ཤེས་ཚད་དང་འབྲེལ་བའི་ གདོང་ལེན་འབྱུང་ནི་བཟུམ་ ག་ཅི་ཡང་ མ་མཐོང་ཟེར་ བཤད་པའི་ཁར་ ཁོ་ར་ ཤེས་རིག་བློན་པོ་སྦེ་ བསྐོ་བཞག་གནང་མི་ལུ་ བློན་ཆེན་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ བཤདཔ་ཨིན་པས།
ཁོ་ར་ དངུལ་རྩིས་བློན་པོ་འབད་བ་ཅིན་ ཐབས་རིག་དང་ དངུལ་འབྲེལ་ལས་འབད་རུང་ འཇམ་ཏོང་ཏོ་སྦེ་ འབད་ཚུགས་ནི་ཨིན་རུང་ ཤེས་རིག་བློན་པོ་སྦེ་ བསྐོས་གནང་མི་ལུ་ སྐལ་བ་བཟང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་གི་རེ་བ་ཟེར་རུང་ ཁོ་རའི་གནས་ཡུན་ ལོ་༥ ནང་འཁོད་ལུ་ ཤེས་རིག་བློན་པོ་གིས་ ལཱ་དང་ ལས་རིམ་ཚུ་ མ་བཏུབ་བཏུབ་སྦེ་ ཕྱག་ཞུ་ཐོག་ལས་ ཤུལ་བཞག་བཞག་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་ཟེར་ཨིནམ་ད་ ཤེས་རིག་ནང་ གདོང་ལེན་སྦོམ་ཅིག་ ག་ནི་ཡང་ མ་མཐོང་རུང་ དངུལ་འབྲེལ་གྱི་ བགོ་བཀྲམ་ནང་ གདོང་ལེན་འབྱུང་ནི་བཟུམ་འདུག་ཟེར་ཨིན་པས།
ད་རེས་ནངས་པར་ ཤེས་རིག་ནང་ གདོང་ལེན་ཆེ་ཤོས་ར་ སློབ་དཔོན་ཚུ་ དགོངས་ཞུ་མ་འགྱོ་བར་ བཞག་ནི་ཨིནམ་ད་ ད་རེས་ མི་སྡེ་ནང་ ཤེས་རིག་གི་ སྤུས་ཚད་སྐོར་ལས་ ལོ་རྒྱུས་སླབ་བཞིན་དུ་ཡོད་རུང་ ཕྱོགས་གཅིག་ལས་ སློབ་དཔོན་ཚུ་གིས་ གོ་སྐབས་ལེགས་ཤོམ་ འཐོབ་པ་ཅིན་ ལཱ་གཡོག་ནང་ལས་ དགོངས་ཞུ་འགྱོཝ་མས་ཟེར་ ཤེས་རིག་བློན་པོ་གིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ ང་རའི་ ལཱ་འགན་དེ་ སློབ་དཔོན་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་དང་ རྒྱལ་ཁབ་ནང་ ཕྱག་ག་དེ་སྦེ་ ཞུ་ནི་ཨིན་ན་ཚུ་ བློ་སྟོབས་བསྐྱེད་བཅུག་ནི་ཚུ་ཨིན་ཟེར་ བཤདཔ་ཨིན་པས།
ཤེས་རིག་སྡེ་ཚན་ནང་ གཞི་རྟེན་མཁོ་ཆས་ཚུ་ ཚངམ་སྦེ་ཡོད་རུང་ ནང་རྟེན་བཙུགས་དགོཔ་ཡོདཔ་ལས་ ཤེས་རིག་གི་ བཟའ་ཚང་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ གནད་དོན་དེ་ལུ་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ར་ འགོ་དང་པ་ ལྷན་ཁག་ནང་ འཛུལ་ཞུགས་འབད་བའི་སྐབས་ ཤེས་རིག་གི་བཟའ་ཚང་ ཤེས་རིག་དྲུང་ཆེན་དང་ མདོ་ཆེན་ དེ་ལས་ འབྲེལ་ཡོད་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ད་ཚུན་ལཱ་འབད་མི་དང་ ག་ཏེ་ལུ་ ལྷོདཔ་ཨིན་ན་ ལས་སྣ་ག་དེམ་ཅིག་ མཇུག་བསྡུ་ཡི་ག་ཚུ་ བལྟ་དགོ་པས་ཟེར་ཨིན་པས།
གནད་དོན་དེ་ཚུ་ལུ་ ཤེས་རིག་སྡེ་ཚན་གྱིས་ བསྐྱར་ཞིབ་དང་ བརྟག་ཞིབ་ཚུ་ འབད་འབདཝ་འོང་ཟེར་ཨིནམ་ད་ བདུན་ཕྲག་༡ དེ་ཅིག་ ལཱ་གི་སྙན་ཞུ་ཚུ་ དབྱེ་ཞིབ་འབད་དེ་ བརྡ་དོན་ཚུ་ ག་ར་ཐོབ་ཞིནམ་ལས་ གནད་དོན་༢ ཐོག་ལས་ འགན་ཁུར་འབག་འོང་ཟེར་ བློན་པོ་ཇའི་བིར་རའི་གིས་ བཤདཔ་ཨིན་པས།
དེ་ཡང་ ཤེས་རིག་ལྷན་ཁག་གི་ རྒྱལ་ཡོངས་ཀྱི་ རེ་འདོད་ཚུ་དང་ འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་ཚུ་ མཉམ་སྡེབ་འབད་ནི་དང་ ཤེས་རིག་སྡེ་ཚན་གྱིས་ ཆ་འཇོག་འབད་བའི་ཤུལ་ལས་ གལ་སྲིད་ ལས་སྣ་ཚུ་ སྲིད་བྱུས་དང་ ཁྲིམས་ལུ་ལྟར་དུ་མེད་པ་ཅིན་ སྲིད་བྱུས་དང་ ཁྲིམས་ཚུ་བཟོ་དགོཔ་རེ་ ཡོད་པ་ཅིན་ ཕྱི་སེལ་འབད་དགོ་ཟེར་ཨིན་པས།
ཤེས་རིག་བློན་པོ་གིས་ སླབ་མིའི་ནང་ ལྷན་ཁག་གི་ གཙོ་རིམ་དང་པ་དེ་ ལཱ་མཇུག་མ་བསྡུ་མི་ཚུ་ ལེགས་ཤོམ་སྦེ་ བསྐྱར་ཞིབ་འབད་དེ་ མཇུག་བསྡུ་བཏང་པའི་ཤུལ་ལས་ མཉམ་རུབ་ཚོགས་པའི་ ཁས་བླངས་ཚུ་ གྲ་སྒྲིག་འབད་དགོཔ་འོང་ཟེར་ཨིན་པས།
ང་རའི་ གནས་ཡུན་ནང་ འགན་ཁུར་ཚུ་ ག་དེ་སྦེ་ འབག་ཚུགས་འོང་ག་ཟེར་ ཚ་གྱང་ལང་སྟེ་ཡོདཔ་ལས་ བརྩི་སྲུང་ཞུ་ནི་ཟེར་རུང་ ལོ་༥ འི་ཤུལ་ལས་མ་གཏོགས་ ད་རེས་མི་འབད་ཟེར་ ཤེས་རིག་བློན་པོ་གིས་ བཤདཔ་ཨིན་པས།
ཆུ་ཁ་སྤ་ཆུ་ལས་ སྐྱེས་ལོ་༤༥ ལང་མི་ ཤེས་རིག་བློན་པོ་གིས་ དུས་ཅི་ སྤྱིར་བཏང་བཙག་འཐུ་ནང་ ཕུན་ཚོགས་གླིང་འདེམས་ཁོངས་ལས་ དོ་འགྲན་འབད་ཡོདཔ་ད་ ཁོ་ལུ་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་གོང་མའི་ ཤེས་ཚད་དང་ དཔལ་འབྱོར་དངུལ་རྩིས་ནང་ མཁས་མཆོག་གི་ ཉམས་མྱོང་ཡོདཔ་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ནང་ ལོ་ངོ་དག་པ་ཅིག་གི་རིང་ དངུལ་རྩིས་འགོ་དཔོན་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *