གློག་ཤུགས་སྣུམ་འཁོར་ ད་རུང་ རྩོད་རྙོགས་ཅན་ཅིག་ལུ་འགྱུར་ཉེན?

༉ གཞུང་གི་ལས་འཆར་དང་འཁྲིལ་བ་ཅིན་ དུས་ཅི་ སྤྱི་ཟླ་༡༢ པའི་ཚེས་༣༡ གི་ནང་འཁོད་ལུ་ ནག་རླུང་མེད་པའི་ གློག་ཤུགས་སྣུམ་འཁོར་༩༠ དེ་ཅིག་ རྒྱལ་ཁབ་ནང་ ནང་འདྲེན་འབད་ནི་ཨིན་མི་དེ་ དམིགས་ཚད་སྦོམ་ཅིག་ཨིན་རུང་ རྒྱལ་ཁབ་ཀྱི་དོན་ལུ་ ཕན་རླབས་ཅན་ཅིག་ འོང་ནི་ཨིན་མས།

གཞུང་གི་ཧོངས་ལས་ གློག་ཤུགས་སྣུམ་འཁོར་མཁོ་སྒྲུབ་འབད་ནི་ལུ་ གཙོ་རིམ་བཟུང་མི་དེ་ཡང་ འབྲུག་འདི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཅིག་ཨིན་རུང་ འཛམ་གླིང་ནང་ ནག་རླུང་དང་ བཙོག་རླུང་མེད་པའི་ རྒྱལ་ཁབ་ཅིག་སྦེ་ མིག་དཔེ་སྟོན་ཐབས་ལུ་ཨིན་མས།

དེ་འབདཝ་ལས་ གཞུང་དང་ ལས་འཛིན་ སྒེར་སྡེ་ དེ་ལས་ ངོ་རྐྱང་ཚུ་ལུ་ གློག་ཤུགས་སྣུམ་འཁོར་མཁོ་སྒྲུབ་དང་ ལག་ལེན་འཐབ་དགོ་པའི་ བརྩོན་ཤུགས་བསྐྱེད་ཐབས་ལུ་ གཞུང་ལས་ གློག་ཤུགས་སྣུམ་འཁོར་ཉོ་མི་རེ་ལུ་ གོང་ཚད་ཕབ་ཆག་ བརྒྱ་ཆ་༢༠ རེ་ གནང་ནི་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ཡང་ སྐྱིན་འགྲུལ་བརྒྱ་ཆ་༧༠ ཚུན་ བྱིན་ནི་སྦེ་ གསལ་བསྒྲགས་གནང་ནུག།

གློག་ཤུགས་སྣུམ་འཁོར་ཉོ་འདོད་ཡོད་མི་ཚུ་གིས་ སྣུམ་འཁོར་མཁོ་སྒྲུབ་འབདཝ་ད་ མ་རྩ་བརྒྱ་ཆ་༡༠ ལས་བརྒལ་ བཏོན་མ་དགོ་པའི་ ཁེ་ཕན་ཡོད་མི་ལུ་བརྟེན་ ད་ཚུན་གྱི་བར་ན་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་འོག་ལུ་ཡོད་མི་ ལས་འགུལ་འཛིན་སྐྱོང་སྡེ་ཕྲན་ནང་ གླ་འཁོར་དེད་གཡོགཔ་༢༠༠ དེ་ཅིག་གིས་ ཉོ་འདོད་ཡོད་ལུགས་ཀྱི་ ཞུ་ཡིག་བཙུགས་ཏེ་ཡོདཔ་ཨིན་མས།

གློག་ཤུགས་སྣུམ་འཁོར་གྱི་ གོང་ཚད་ཡང་ འཕྲུལ་ལྟོ་བསྐྱར་གསོ་ལན་ཐེངས་རེ་ནང་ ཀི་ལོ་མི་ཊར་༢༦༠ ལས་༤༥༠ ཚུན་ འགྲོ་འགྲུལ་འབད་ཚུགས་པའི་ ནུས་ཤུགས་ཡོད་མི་རེ་ལུ་ དངུལ་ཀྲམ་ས་ཡ་༡.༥ ལས་ ས་ཡ་༢.༥ ཚུན་ གནས་ནི་ཨིན་མས།

འཆར་གཞི་དང་འཁྲིལཝ་ད་ ལོ་༣ གྱི་ནང་འཁོད་ལུ་ གློག་ཤུགས་སྣུམ་འཁོར་༣༠༠ མཁོ་སྒྲུབ་འབད་ནི་ཨིནམ་བཞིན་དུ་ དེ་གི་དོན་ལུ་ གཞུང་གིས་ རིན་བསྡུར་འབད་ཐོག་ལས་ གློག་ཤུགས་སྣུམ་འཁོར་ཚོང་འབྲེལ་འཐབ་མི་ ལས་སྡེ་༤ ལུ་ གནང་བ་གནང་ནུག།

རིན་བསྡུར་ཡིག་ཆ་དང་འཁྲིལ་བ་ཅིན་ གློག་ཤུགས་སྣུམ་འཁོར་ཚུ་ རྒྱལ་ཁབ་ག་ཏེ་ལས་ ནང་འདྲེན་འབད་རུང་ འབད་ཆོགཔ་སྦེ་ཡོདཔ་ལས་ བཀྲམ་སྤེལ་འབད་མི་ ལས་སྡེ་༢ ཀྱིས་ རྒྱ་ནག་རྒྱལ་ཁབ་ལས་ ནང་འདྲེན་འབད་ནི་སྦེ་ རིན་བསྡུར་འབད་ཡོདཔ་བཞིན་དུ་ ལས་སྡེ་༡ གིས་ རྒྱ་ནག་གི་ ཚོང་སྡེ་དང་གཅིག་ཁར་ གློག་ཤུགས་སྣུམ་འཁོར་ནང་འདྲེན་གྱི་ གན་ཡིག་ཚུ་ཡང་བཟོ་སྟེ་ སྣུམ་འཁོར་༡༣ མཁོ་མངགས་འབད་ཡོད་མི་ལས་ ད་ལྟོ་ གློག་ཤུགས་སྣུམ་འཁོར་༦ རྒྱ་གར་ཀཱོལ་ཀ་ཊ་ལུ་ ལྷོད་དེ་ཡོད་པའི་ ལོ་རྒྱུས་འདུག།

དེ་བཟུམ་སྦེ་ བཀྲམ་སྤེལ་ལས་སྡེ་གཞན་གྱིས་ཡང་ རྒྱ་ནག་ལས་ གློག་ཤུགས་སྣུམ་འཁོར་ནང་འདྲེན་འབད་ནིའི་དོན་ལུ་ ཚོང་འབྲེལ་ལས་ཁུངས་ལུ་ ནང་འདྲེན་གྱི་ ཆོག་ཐམ་ཞུཝ་ད་ མཐར་འཁྱོལ་བྱུང་མ་ཚུགས་པས།

ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ གློག་ཤུགས་སྣུམ་འཁོར་ ནང་འདྲེན་གྱི་ གནང་བ་བྱིན་ནི་དེ་ གནས་སྐབས་ཅིག་ ཐོགས་ལུས་མི་དེ་ཡང་ རྒྱ་ནག་ལས་ ནང་འདྲེན་འབད་ཆོག་མི་ཆོག་གི་ ལམ་ལུགས་དྭངས་གསལ་ཅིག་ མེད་ནི་དེ་གིས་ཨིན་མས།

དེ་སྦེ་ཨིན་པ་ཅིན་ གཞུང་གི་ཧོངས་ལས་ ཁས་བླངས་འབད་མི་དེ་ འགྲུབ་ཐབས་ལུ་ བསམ་ཞིབ་མ་འབད་བར་ སྲིད་དོན་གྱི་དབང་ལུ་བཏང་སྟེ་ འཆར་གཞི་བརྩམས་ཡོད་པའི་ བརྡ་མཚོན་སྟོནམ་མས།

མ་གཞི་ གནད་དོན་དེ་ ལྷན་རྒྱས་གཞུང་ཚོགས་ནང་ ལྷོད་ཡོདཔ་ལས་ གསུང་གྲོས་གནང་པའི་བསྒང་ཡོད་རུང་ གལ་སྲིད་ གནད་དོན་སེལ་མ་ཚུགས་པ་ཅིན་ གློག་ཤུགས་སྣུམ་འཁོར་༩༠ ལོ་རྫོགསཔ་ད་ ནང་འདྲེན་འབད་མི་ཚུགས་ནི་ཨིནམ་ལས་ ད་རུང་ གློག་ཤུགས་སྣུམ་འཁོར་གྱི་ དམིགས་འཆར་དེ་ འགྲུབ་ཚུགས་པར་ ལཱ་ཁག་འོང་ནི་མས།

གལ་སྲིད་ མཐར་འཁྱོལ་མ་བྱུང་མ་ཚུགས་པ་ཅིན་ སྣུམ་འཁོར་བཀྲམ་སྤེལ་བ་ཚུ་གིས་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ ཟད་འགྲོ་བཏང་མི་ལུ་ རྒུད་འཐུས་ག་གིས་ སྤྲོད་ནི་ཨིན་ན་དང་ འཐུས་ཤོར་གྱི་ འགན་འཁྲི་ག་ལུ་ བཀལ་ནི་ཨིན་ནའི་ རྩོད་དོན་ཡང་ འཐོན་ནི་བཟུམ་འདུག།

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *