གློག་ཤུགས་སྣུམ་འཁོར་ནང་འདྲེན་དང་འབྲེལ་བའི་ དཀའ་ངལ་བསལ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ གློག་ཤུགས་སྣུམ་འཁོར་ནང་འདྲེན་དང་འབྲེལ་བའི་ སྟབས་མ་བདེཝ་ དུམ་གྲ་ཅིག་ ཐོན་ཡོད་མི་དེ་ གཞུང་གིས་ བསལ་གནང་མི་དང་བསྟུན་ དུས་ཅིའི་ལོ་རྫོགསཔ་ད་ གློག་ཤུགས་སྣུམ་འཁོར་༩༠ དེ་ཅིག་ ནང་འདྲེན་དམིགས་གཏད་འབད་མི་དེ་ འགྲུབ་ཚུགས་ནི་བཟུམ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༩ ལུ་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཌོག་ཊར་གློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ གློག་ཤུགས་སྣུམ་འཁོར་ནང་འདྲེན་འབད་ནིའི་སྐོར་ལས་ བརྡ་དོན་དང་བརྡ་བརྒྱུད་ལྷན་ཁག་འོག་གི་ ལས་འགུལ་འཛིན་སྐྱོང་སྡེ་ཕྲན་དང་ ཕྱི་རྒྱལ་ལྷན་ཁག་གཉིས་ཀྱི་བར་ན་ ཡི་གུ་ཕར་ཚུར་ བརྗེ་སོར་འབདཝ་ད་ སྒྲིག་གཞི་དང་འབྲེལ་བའི་ སྟབས་མ་བདེཝ་ དུམ་གྲ་ཅིག་ ཐོནམ་མ་གཏོགས་ དཀའ་ངལ་སྦོམ་མ་བྱུང་པས་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ལས་འགུལ་འཛིན་སྐྱོང་སྡེ་ཕྲན་གྱི་ ཁ་ཐུག་ལས་ ནང་འདྲེན་བྱ་སྒོའི་ ལམ་ལུགས་བཟོཝ་ད་ ནོར་འཁྲུལ་བྱུང་ཡོད་པའི་ ངོས་ལེན་འབད་ཡོདཔ་བཞིན་དུ་ གཞུང་གི་ཁ་ཐུག་ལས་འབད་རུང་ དཀའ་ངལ་སྦོམ་ཅིག་ མ་མཐོངམ་ལས་ སྣུམ་འཁོར་ནང་འདྲེན་འགོ་བཙུགས་ནི་སྦེ་ གྲོས་ཐག་ཆོད་ཅི་ཟེར་ཨིན་པས།
དཀའ་ངལ་དེ་ཡང་ ལས་འགུལ་འཛིན་སྐྱོང་སྡེ་ཕྲན་གྱིས་ རིན་བསྡུར་ཐོག་ སྣུམ་འཁོར་བཀྲམ་སྤེལ་བ་༤ གདམ་འཐུ་འབད་བའི་ཤུལ་ལས་ བཀྲམ་སྤེལ་བ་ཅིག་གིས་ གློག་ཤུགས་སྣུམ་འཁོར་ཚུ་ རྒྱ་ནག་ལས་ ནང་འདྲེན་འབད་ཆོག་མི་ཆོག་གི་ གནད་དོན་ཐོག་ལུ་ ཉོགས་བཤད་བཀོད་མི་ལུ་བརྟེན་ ཐོན་ཡོདཔ་ཨིན་པས།
ཚོང་འབྲེལ་ལས་ཁུངས་ཀྱིས་ཡང་ ཉོགས་བཤད་དང་འཁྲིལ་ གློག་ཤུགས་སྣུམ་འཁོར་ནང་འདྲེན་འབད་ནི་དེ་ གནས་སྐབས་ཅིག་ བཀག་བཞག་ནུག།
འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་འོག་གི་ འཛམ་གླིང་མཐའ་འཁོར་གནས་སྟངས་མཐུན་རྐྱེན་ལས་སྡེའི་ (ཇི་ཨི་ཨེཕ) ཁ་ཚིག་ལམ་ལུགས་དང་ ནང་འཁོད་རིན་བསྡུར་ཡིག་ཆ་དང་འཁྲིལཝ་ད་ གློག་ཤུགས་སྣུམ་འཁོར་ཚུ་ རྒྱལ་ཁབ་ག་ཏེ་ལས་ ནང་འདྲེན་འབད་རུང་ འབད་ཆོགཔ་སྦེ་ཡོདཔ་ལས་ བཀྲམ་སྤེལ་འབད་མི་ ལས་སྡེ་༢ ཀྱིས་ རྒྱ་ནག་རྒྱལ་ཁབ་ལས་ ནང་འདྲེན་འབད་ནི་སྦེ་ གྲོས་འཆར་བཙུགས་ཡོདཔ་ཨིན་པས།
བཀྲམ་སྤེལ་ལས་སྡེ་ཚུ་གི་གྲས་ལས་ ཀུན་ཕན་སྣུམ་འཁོར་ལས་སྡེ་གིས་ རྒྱ་ནག་གི་ ཚོང་སྡེ་དང་གཅིག་ཁར་ གློག་ཤུགས་སྣུམ་འཁོར་ནང་འདྲེན་གྱི་ གན་ཡིག་ཚུ་ཡང་བཟོ་སྟེ་ སྣུམ་འཁོར་༡༣ མཁོ་མངགས་འབད་ཡོད་མི་ལས་ གློག་ཤུགས་སྣུམ་འཁོར་༦ རྒྱ་གར་ཀཱོལ་ཀ་ཊ་ལུ་ ལྷོད་ཚརཝ་ད་ བཀྲམ་སྤེལ་བ་ལས་སྡེ་གཞན་ཅིག་གིས་ རྒྱ་ནག་ལས་ ནང་འདྲེན་འབད་མི་ལུ་ ཉོགས་བཤད་བཀོད་ནུག།
ཀུན་ཕན་སྣུམ་འཁོར་ལས་སྡེའི་ཇོ་བདག་ ཐུགས་བརྟན་གྱིས་ སླབ་མིའི་ནང་ གཞུང་གིས་ ཉོགས་བཤད་བསལ་བའི་ཤུལ་ལས་ སྤྱི་ཟླ་༡༡ པའི་ཚེས་༢༨ ལུ་ ཀཱོལ་ཀ་ཊ་ལུ་ ཐོགས་ལུས་མི་ གློག་ཤུགས་སྣུམ་འཁོར་༦ རྒྱལ་ཁབ་ནང་ བཏོན་ཡི་ཟེར་ཨིན་པས།
གཞུང་གིས་ གློག་ཤུགས་སྣུམ་འཁོར་མཁོ་སྒྲུབ་འབད་ནི་ལུ་ གཙོ་རིམ་བཟུང་མི་དེ་ཡང་ འབྲུག་འདི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཅིག་ཨིན་རུང་ འཛམ་གླིང་ནང་ ནག་རླུང་དང་ བཙོག་རླུང་མེད་པའི་ རྒྱལ་ཁབ་ཅིག་སྦེ་ མིག་དཔེ་སྟོན་ཐབས་ལུ་ཨིནམ་ད་ གློག་ཤུགས་སྣུམ་འཁོར་དེ་ གཞུང་དང་ ལས་འཛིན་ སྒེར་སྡེ་ དེ་ལས་ ངོ་རྐྱང་ཚུ་གིས་ ཉོ་ཆོགཔ་བཞིན་དུ་ གློག་ཤུགས་སྣུམ་འཁོར་ཉོ་མི་རེ་ལུ་ གོང་ཚད་ཕབ་ཆག་ བརྒྱ་ཆ་༢༠ རེ་ གནང་ནི་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ཡང་ སྐྱིན་འགྲུལ་བརྒྱ་ཆ་༧༠ ཚུན་ བྱིན་ནི་ཨིན་པས།
ལས་འགུལ་འཛིན་སྐྱོང་སྡེ་ཕྲན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གླ་འཁོར་དེད་གཡོགཔ་༢༠༠ དེ་ཅིག་གིས་ གློག་ཤུགས་སྣུམ་འཁོར་ཉོ་འདོད་ཡོད་ལུགས་ཀྱི་ ཞུ་ཡིག་བཙུགས་ཏེ་ཡོད་ཟེར་ཨིན་པས།
དམིགས་འཆར་དང་འཁྲིལཝ་ད་ ལོ་༣ གྱི་ནང་འཁོད་ལུ་ གློག་ཤུགས་སྣུམ་འཁོར་༣༠༠ མཁོ་སྒྲུབ་འབད་ནི་ཨིན་མི་ལས་ མང་ཤོས་ར་ གླ་འཁོར་གྱི་དོན་ལུ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་གློག་མེ་ལས་འགུལ་གྱི་ ས་དོང་ཊ་ནཱལ་༡ པ་དང་༢ པའི་ཆུ་དུང་མཐུད་སྦྲེལ་འབད་ཡོདཔ་ད་ ས་འོག་གི་ ཆུ་དུང་དེ་ཡང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ འཕྲུལ་རྟ་ཨེབ་ཐོག་ལས་ ས་དོང་ཊ་ནཱལ་༢ ཀྱི་བར་ན་ གས་རྫས་ལག་ལེན་འཐབ་སྟེ་ …

Leave a Reply

Your email address will not be published. Required fields are marked *