ལག་ལེན་འཐབ་མ་ཚུགས་པར་ལུས་མི་ དུར་ཁྲོད་གསརཔ།

གློག་མེའི་མཐུན་རྐྱེན་མེད་མི་ལུ་བརྟེན་ དུར་ཁྲོད་ལག་ལེན་འཐབ་མ་ཚུགས་པར་ཡོདཔ།

༉ བཀྲིས་གཡང་རྩེ་རྫོང་ཁག་ནང་ མཐའ་ཟུར་གྱི་གཡུས་ཚན་ བྱང་ཕུག་རྩེའི་ ཁྱིམ་གུང་༧༠ གི་དོན་ལུ་ དུར་ཁྲོད་གསརཔ་བཟོ་སྐྲུན་འབད་ཚར་རུང་ ད་ལྟོའི་བར་ན་ཡང་ མི་རོ་མེ་སྦྱང་འབད་བའི་སྐབས་ སྤང་དང་ ཞིང་སྟོངམ་ཚུ་ནང་ར་ འབད་དོ་ཡོདཔ་ཨིན་པས།
དེ་ཡང་ ས་ཆ་ཨེ་ཀར་༡༢ ནང་བཟོ་སྐྲུན་འབད་མི་ དུར་ཁྲོད་གསརཔ་དེ་ནང་ གློག་མེ་དང་ འཐུང་ཆུའི་མཐུན་རྐྱེན་ཚུ་མེད་མི་ལུ་བརྟེན་ ལག་ལེན་འཐབ་མ་ཚུགས་པར་ཡོད་ཟེར་ ས་གནས་ཀྱི་མི་སེར་ཚུ་གིས་ བཤདཔ་ཨིན་པས།
དུར་ཁྲོད་དེ་ རྒེད་འོག་བདག་སྐྱོང་གིས མ་དངུལ་དངུལ་ཀྲམ་ ས་ཡ་༡.༢ ཟད་འགྲོ་བཏང་ཐོག་ལས་ གསར་བསྒྲུབས་འབད་ཡོདཔ་བཞིན་དུ་ དུར་ཁྲོད་ནང་ མཆོད་ཁང་དང་ ཐབ་ཚང་ གསང་སྤྱོད་ཚུ་རྐྱབ་ཡོད་རུང་ ད་ལྟོ་ ལག་ལེན་འཐབ་མ་ཚུགས་མི་གིས་ ས་ཁོངས་དེ་ ཚལ་མ་གིས་ གང་སྟེ་འདུག།
གཡུས་མི་ཚུ་གིས་ སླབ་དོ་བཟུམ་འབད་ཅིན་ དུར་ཁྲོད་གསརཔ་ནང་ མཐུན་རྐྱེན་ཚངམ་སྦེ་མེད་པའི་ཁར་ རབ་གནས་ཡང་ མ་འབད་བར་ཡོདཔ་ལས་ གཞུང་གི་ཟད་འགྲོ་ འཕྲོ་བརླགས་འགྱོ་ནི་མས་ཟེར་ཨིན་པས།
གཡུས་མི་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ དུར་ཁྲོད་གསརཔ་ལག་ལེན་འཐབ་མ་ཚུགས་མི་གིས་ ས་ཁོངས་སྟོངམ་ཡོད་མི་ཚུ་ནང་འབདཝ་ད་ ཐབ་ཚང་དང་ རོ་མེ་སྦྱང་འབད་ནིའི་དོན་ལུ་ ཚལ་མ་སེལ་ཏེ་ ཤིང་ཁྲམ་བཟོ་དགོཔ་ལས་ སྟབས་མ་བདེཝ་འདུག་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ མི་ལེ་ཤ་སྤུངས་འཛོམས་འབད་བའི་བསྒང་ལས་ བཟའ་འཐུང་གི་རིགས་ཚུ་ ཁྱིམ་ནང་ལས་སྐྱེལ་དགོཔ་ལས་ སྟབས་མ་བདེཝ་འདུག་ཟེར་ཨིནམ་ད་ རྒེད་འོག་བདག་སྐྱོང་གིས་ གནད་དོན་འདི་ལུ་ རྒྱབ་སྐྱོར་མགྱོགས་སུ་སྦེ་ གནང་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
ཨ་ལོ་༣ གྱི་ཨའི་ ཐུབ་བསྟན་ལྷ་སྒྲོན་གྱིས་ འབད་བ་ཅིན་ གཡུས་སྒོའི་ནང་ རོ་མེ་སྦྱང་ག་ལྷོད་འབད་ནི་དེ་ ལེགས་ཤོམ་ཅིག་མེན་རུང་ ཐབས་མེད་པར་ ལ་ལོ་རང་སོའི་ཁྱིམ་གྱི་ སྦོ་ལོགས་ཁ་ཡང་ འབད་དགོཔ་ཐོནམ་མས་ཟེར་ཨིན་པས།
ས་གནས་ཀྱི་ མི་སེར་ཚུ་ ཆོས་ལུ་ ཡིད་ཆེས་དང་ དད་པ་ཡོད་མི་འབདཝ་ལས་ གཡུས་ཁར་ རི་དྭགས་སེམས་ཅན་གྱི་ དཀའ་ངལ་ མངམ་ཐོན་མི་དེ་ཡང་ གནད་དོན་འདི་ལུ་བརྟེན་ ཨིན་པའི་དོགས་པ་ཡོད་ཟེར་ ས་གནས་ཀྱི་མི་སེར་ཚུ་གིས་ བཤདཔ་ཨིན་པས།
དང་ཕུ་གི་ ལུགས་སྲོལ་འབད་བ་ཅིན་ གཡུས་སྒོའི་ནང་ མི་རོ་ཚུ་ ས་དོང་ནང་བཙུགས་སྲོལ་ཡོད་ཟེར་ཨིནམ་ད་ མེ་སྦྱང་འབད་ནི་དེ་ བར་སྐབས་ཅིག་ལས་ དར་ཁྱབ་སོང་ཡི་ཟེར་ཨིན་པའི་ཁར་ ས་ཁོངས་ཀྱི་ བྱ་སྟབས་མ་བདེཝ་ཡོད་པའི་སྐབས་སུ་ གྲང་མེད་ཆུའི་མཐའ་མར་འབག་སྟེ་ མེ་སྦྱང་འབདཝ་ཨིན་ཟེར་ཨིན་པས།
ཕམ་རྒས་ཤོས་ཚུ་གིས་ གནམ་དགུན་འབད་བ་ཅིན་ ལོ་ཐོག་ཚུ་ བསྡུ་ཚར་ནི་དེ་གིས་ མེ་སྦྱང་གི་དོན་ལུ་ ས་གོ་མ་ཐོབ་པའི་ ཚ་གྱང་ལང་དགོཔ་མེད་རུང་ གནམ་བྱཱར་ ཞིང་ཚུ་ནང་ ལོ་ཐོག་བཏབ་པའི་བསྒང་ལས་ ལོ་ཐོག་གི་སྦོ་ལོགས་ཁར་ མེ་སྦྱང་འབད་མ་བཅུག་པའི་ཁར་ སྐྱོན་བརྗོད་ཡང་ འབདཝ་ཨིན་ཟེར་ཨིན་པས།
ད་རེས་ནངས་པའི་ དུར་ཁྲོད་གསརཔ་དེ་ ཨོམ་བར་གནས་ལུ་ འགྱོ་སའི་ལམ་ཁར་ བྱང་ཕུག་རྩེ་གཡུས་ཚན་ལས་ དུས་ཡུན་སྐར་མ་༡༥ དེ་ཅིག་གི་ས་ཁར་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
གཡུས་མི་མང་ཤོས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ དུར་ཁྲོད་གསརཔ་རྐྱབ་མིའི་ནང་ གློག་མེའི་མཐུན་རྐྱེན་དགོཔ་འདུག་ཟེར་ཨིནམ་ད་ གློག་མེ་ལས་འཛིན་གྱིས་ མཐུན་རྐྱེན་གནང་པ་ཅིན་ ཕན་ཐོགས་སྦོམ་ར་ འབྱུང་ནི་མས་ཟེར་ཨིན་པས།
གཡུས་སྒོའི་ཚོགས་པ་ ཏའུ་པོ་གིས་ སླབ་མིའི་ནང་ བཀྲིས་གཡང་རྩེ་ལུ་ཡོད་པའི་ གློག་མེ་ལས་འཛིན་ཡིག་ཚང་ནང་ གློག་མེའི་མཐུན་རྐྱེན་དགོ་པའི་སྐོར་ལས་ ཞུ་བ་འབད་རུང་ ངོས་ལེན་ག་ནི་ཡང་ མིན་འདུག་ཨིནམ་ད་ སྤྱིར་བཏང་ གློག་མེ་ལས་འཛིན་ལས་ དགོཔ་ཟེར་རུང་ གློག་མའི་ཀཝ་༨ དེ་ཅིག་དང་ གློག་ཐག་ཚུ་རྐྱངམ་གཅིག་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གློག་མེའི་མཐུན་རྐྱེན་གནང་པ་ཅིན་ དུར་ཁྲོད་ཀྱིས་མ་ཚད་པར་ འདི་དང་འབྲེལ་ གུང་པ་༦ ལྷགཔ་ཅིག་ལུ་ གློག་ཐག་གི་ ར་བ་བསྒོར་ནི་ལུ་ཡང་ ཕན་ཐོགས་ཡོད་ཟེར་ཨིན་པས།
གློག་མེ་ལྷོད་པ་ཅིན་ དུར་ཁྲོད་གསརཔ་ལག་ལེན་ འཐབ་ཚུགས་ནི་མས་ཟེར་ཨིནམ་ད་ འཐུང་ཆུའི་ཐད་ཁར་ ཆུ་དུང་ཁག་དག་པ་ཅིག་ནང་ མེ་གིས་འཚིགས་ཡོདཔ་ལས་ དེ་ལུ་དཀའ་ངལ་མེད་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།
སྟོད་ཚོ་རྒཔོ་ བདེ་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ དུར་ཁྲོད་དང་ གློག་ཐག་ར་བའི་དོན་ལུ་ གློག་མེའི་མཐུན་རྐྱེན་དགོ་པའི་སྐོར་ལས་ བཀྲིས་གཡང་རྩེ་ གློག་མེ་ལས་འཛིན་ཡིག་ཚང་ལུ་ ཞུ་ཡིག་ཚར་༢ ཕུལ་ཏེ་འབད་རུང་ ངོས་ལེན་ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ བྱང་ཕུག་རྩེ་གཡུས་ཚན་དེ་ རྒྱ་འབྲུག་༢ ཀྱི་ ས་མཚམས་ཁར་འབདཝ་ལས་ མཐུན་རྐྱེན་ཚུ་ མཁོ་གལ་སྦོམ་ཡོད་ཟེར་ཨིན་པས།
གློག་མེའི་མཐུན་རྐྱེན་མ་གནང་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ཧ་མི་དགོ་བས་ཟེར་ཨིནམ་ད་ གློག་མེའི་མཐུན་རྐྱེན་གནང་པ་ཅིན་ དུར་ཁྲོད་རྐྱངམ་གཅིག་མེན་པར་ ས་ཞིང་ཨེ་ཀར་༢༠༠ ལྷགཔ་ཅིག་གི་དོན་ལུ་ ཕན་ཐོགས་ཡོད་ཟེར་ཨིན་པས།
ཨིན་རུང་ བཀྲིས་གཡང་རྩེ་ལུ་ཡོད་པའི་ གློག་མེ་ལས་འཛིན་གྱི་འཛིན་སྐྱོང་པ་ ཨོ་རྒྱན་རྡོ་རྗེ་གིས་ ཀུན་གསལ་ལུ་བཤད་མིའི་ནང་ གྲོང་གསེབ་གློག་མེ་མཐུད་སྦྲེལ་ལམ་ལུགས་དང་འཁྲིལཝ་ད་ དུར་ཁྲོད་རྐྱངམ་གཅིག་འབདཝ་ལས་ གློག་མེ་མཐུད་སྦྲེལ་འབད་ནིའི་ འོས་འབབ་མིན་འདུག་ཟེར་ཨིན་པས།
གློག་མེ་མཐུད་སྦྲེལ་འབད་ནིའི་དོན་ལུ་ ཡིག་ཚང་ལུ་ མ་དངུལ་ཚད་ཅིག་ལས་བརྒལ་མེད་པའི་ཁར་ དུར་ཁྲོད་ལུ་ གློག་མེ་མཐུད་སྦྲེལ་འབད་ནིའི་དོན་ལུ་ ཀཝ་༡༠ དེ་ཅིག་དགོཔ་ལས་ ཟད་འགྲོ་ལེ་ཤ་གནས་ནི་མས་ཟེར་ འཛིན་སྐྱོང་པ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

 

About admin

Check Also

ས་གནས་གཞུང་ནང་ རྫོང་བདག་གི་ འགན་ཁུར་ག་ཅི་ཨིན་ན?

༉ ས་གནས་གཞུང་ལུ་ དབང་ཚད་ཕྱིར་སྤེལ་འབད་མི་ལུ་བརྟེན་ རྫོང་བདག་གམ་ རྫོང་ཁག་བཀོད་ཁྱབ་གཙོ་འཛིན་གྱི་ འགན་ཁུར་དེ་ བསྐྱར་འགྲེལ་ཐོག་ གསལ་རིལ་རི་སྦེ་བཟོ་དགོ་པའི་ དགོས་མཁོ་བྱུང་སྟེ་ཡོདཔ་ཨིན་པས། རྫོང་བདག་གི་ འགན་འཁྲི་དང་ དབང་ཚད་ཕྱིར་སྤེལ་བྱ་སྒོའི་ རིམ་པ་ཚུ་ དབྱེ་དཔྱད་འབད་ནིའི་དོན་ལུ་ བློན་ཆེན་ཌོག་ཊར་ …

Leave a Reply

Your email address will not be published. Required fields are marked *