གེ་ཟ་ཞིང་ཚུ་ ཉི་དྲོད་གློག་རྒྱུན་གྱི་ གློག་ཐག་ར་བ་བསྒོར་ཡོད་པའི་མཐོང་སྣང་།

གློག་ཐག་ར་བ་ལུ་བརྟེན་ སོ་ནམ་པ་ཚུ་གིས་ ལོ་ཐོག་ཧྲིལ་བུ་ བསྡུ་ཚུགས་ནི།

༉ བཀྲིས་སྒང་གཤོང་ཕུག་རྒེད་འོག་ མཁར་མེད་དང་ གུར་ཀ་གཡུས་མི་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ཁོང་གིས་ དུས་ཅི་ ལོ་ཐོག་བཏབ་མི་ཚུ་ ཧྲིལ་བུ་སྦེ་ བསྡུ་ཚུགས་ནི་དང་ རི་དྭགས་སེམས་ཅན་ཚུ་ལས་ ལོ་ཐོག་སྲུང་དགོཔ་ མི་འཐོན་ནི་ཨིན་པས།
ཧེ་མ་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ ལཱ་ཁག་སྦེ་ ལོ་ཐོག་བཏབ་པའི་ཤུལ་ལས་ ན་འཐན་བསྡུ་རནམ་ད་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་མི་ལུ་བརྟེན་ སྒྱིད་ཐག་སྐྱུར་བའི་ གཞི་གནད་ཅིག་ལུ་ འགྱུར་ནི་ཡོདཔ་ཨིན་པས།
དུས་ཅི་ གཡུས་ཚན་ནང་ ཉི་དྲོད་གློག་ཐག་ར་བ་ཀི་ལོ་མི་ཊར་༡༡ དེ་ཅིག་ བསྒོར་ཞིནམ་ལས་ཚུར་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མ་ཚུགས་པའི་ཁར་ སོ་ནམ་པ་ཚུ་ ཉིན་མཚན་མེད་པར་ ལོ་ཐོག་སྲུང་མ་དགོ་པའི་ ཕན་ཁྱད་བྱུང་ནུག།
སྐྱེས་ལོ་༧༠ ལང་མི་ སོ་ནམ་པ་ ཆ་ནུ་གིས་ སླབ་མིའི་ནང་ གློག་ཐག་ར་བ་བསྒོར་བའི་ཤུལ་ལུ་སེམས་ལུ་ཚ་གྱང་མེད་པར་ ཁྱིམ་ནང་སྡོད་ནིའི་ གོ་སྐབས་ཐོབ་ཅི་ཟེར་ཨིན་པས།
ད་རེས་ ཁོང་གིས་ ཁྱིམ་ལཱ་དང་ སོ་ནམ་གྱི་ ལཱ་གཞན་ཚུ་ འབད་ཚུགས་པའི་ཁར་ ཧེ་མ་བཟུམ་ ཞིང་གི་མཐའམ་བདའ་སྟེ་ སྐད་རྐྱབ་ཅི་ར་ ལོ་ཐོག་སྲུང་དགོཔ་མི་ འཐོན་པས་ཟེར་ ཆ་ནུ་གིས་ སླབ་ཨིན་པས།
སོ་ནམ་པ་གཞན་ ཚེ་དབང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ གློག་ཐག་ར་བ་མེད་པའི་སྐབས་ ལོ་ཐོག་བསྡུ་མ་རནམ་ལས་ བརྒྱ་ཆ་༥༠ དེ་ཅིག་ རི་དྭགས་སེམས་ཅན་གྱིས་ མེདཔ་གཏང་ནི་ཡོད་ཟེར་ཨིནམ་ད་ ད་རེས་ ལོ་ཐོག་ག་ར་བསྡུ་ཚུགས་ནི་ཨིནམ་ལས་ སེམས་དགའ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉི་དྲོད་གློག་ཐག་ར་བ་ལུ་བརྟེན་ སྒོ་ནོར་སེམས་ཅན་ཚུ་ལས་ཡང་ ལོ་ཐོག་སྲུང་ཚུགསཔ་མ་ཚད་ ལོ་ཐོག་བརྒྱ་༩༠ དེ་ཅིག་ བསྡུ་ཚུགས་ནི་མས་ཟེར་ཨིན་པས།
གློག་ཐག་ར་བ་གིས་ ཁྱིམ་གུང་པ་༦༣ དེ་ཅིག་ལུ་ ཕན་ཐོགས་ཡོདཔ་མ་ཚད་ གྲོང་གསེབ་མི་སེར་ཚུ་ལུ་ སོ་ནམ་གྱི་ ལཱ་འབད་ནི་ལུ་ སེམས་ཤུགས་ཐོབ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
སྐྱེས་ལོ་༦༤ ལང་མི་ སོ་ནམ་པ་ སངས་རྒྱས་ཆོས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གློག་ཐག་ར་བའི་ མཐུན་རྐྱེན་མེདཔ་ད་ རི་ཕག་ཚུ་གིས་ ལོ་ཐོག་ག་ར་ མེདཔ་གཏང་ནི་ཡོདཔ་མ་ཚད་ ཞག་ཉལ་ནི་མེད་པར་ ལོ་ཐོག་སྲུང་དགོ་ཟེར་ཨིན་པས།
ཉི་དྲོད་གློག་མེའི་ཐོག་ལས་ གློག་ཐག་ར་བ་བསྒོར་ནི་དེ་གིས་ གློག་རྒྱུན་ཤུགས་མེདཔ་ལས་ གཞུང་གིས་ ཤུགས་ཚད་ཡར་སེང་འབད་དེ་ གནང་ནི་དང་ དེ་མེན་རུང་ ཟད་འགྲོ་འཇམ་པའི་ ལྕགས་ཀྱི་དྲྭ་མིག་བཟུམ་མའི་ ར་བ་གནང་པ་ཅིན་ མི་སེར་དང་ གཞུང་གཉིས་ཆ་ར་ལུ་ ཕན་ཐོགས་ནི་མས་ཟེར་ མོ་གིས་ བཤདཔ་ཨིན་པས།
གཤོང་ཕུག་རྒེད་འོག་ནང་ གློག་ཐག་ར་བ་ཀི་ལོ་མི་ཊར་༤༥ དེ་ཅིག་ བསྒོར་ཡོདཔ་བཞིན་དུ་ ད་རུང་ དགོ་འདོད་བཀོད་མི་ གཡུས་ཚན་ལེ་ཤ་ཡོདཔ་ཨིན་པས།
གློག་ཐག་ར་བ་གིས་ རི་ཕག་དང་ ཀ་ཤ་ཚུ་མ་གཏོགས་ སྤྱ་དང་བྱི་ཐུར་ཚུ་ལས་ དེ་ཅིག་ར་ སྲུང་མི་ཚུགས་དོ་ཡོདཔ་ད་ གཡུས་མི་ཚུ་གིས་ སླབ་མིའི་ནང་ སྤྱ་དེ་ རི་དྭགས་སེམས་ཅན་ཚུ་ལས་ སྤྱང་དྲགས་ཡོདཔ་ལས་ གློག་ཐག་གུ་ གློག་རྒྱུན་ཡོད་མེད་ ཤེས་ཚུགས་ནི་དེ་གིས་ གློག་རྒྱུན་མེདཔ་ད་ མཆོང་འོང་སྟེ་ ལོ་ཐོག་ཚུ་ མེདཔ་བཏངམ་མས་ཟེར་ཨིན་པས།
སྤྱ་ཚུ་གིས་ གློག་ཐག་གུ་ དཀྲོགས་པའི་ཤུལ་ལུ་ དུས་ཡུན་དག་པ་ཅིག་ སྒུག་ཞིནམ་ལས་ གློག་རྒྱུན་མེད་པའི་སྐབས་ གློག་ཐག་ར་བ་གུ་ལས་ ཞིང་ནང་མཆོང་སྟེ་ ལོ་ཐོག་ཚུ་ལུ་ གནོདཔ་བཀལཝ་མས་ཟེར་ གཡུས་མི་བདེ་ཆེན་རྡོ་རྗེ་གིས་ བཤད་པའི་ཁར་ སེམས་ཅན་བྱི་ཐུར་གྱིས་ གློག་ཐག་དང་ སའི་བར་ན་ ས་སྟོང་བཞག་ས་ལས་འཛུལ་ཏེ་ གནོད་པ་རྐྱབ་མས་ཟེར་ བཤདཔ་ཨིན་པས།
གློག་ཐག་ར་བའི་ མཐུན་རྐྱེན་མེད་མི་ གཡུས་ཚན་ཚུ་ནང་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ཚུ་ལུ་ ལོ་གཅིག་བ་གཅིག་ གནོད་པ་མང་སུ་ བཀལ་དོ་ཡོད་པའི་ ལོ་རྒྱུས་བཤདཔ་ཨིན་པས།
སྐྱེས་ལོ་༤༥ ལང་མི་ སོ་ནམ་པ་ཅིག་གིས་ སླབ་མིའི་ནང་ ཁོང་གི་གཡུས་ཚན་ཚུ་ནང་ཡང་ གཞུང་ལས་ གློག་ཐག་ར་བའི་ རྒྱབ་སྐྱོར་གནང་ནི་གི་ རེ་བ་བསྐྱེད་དེ་ཡོད་ཟེར་ཨིནམ་ད་ གློག་ཐག་ར་བ་མེད་པའི་བསྒང་ལས་ རི་ཕག་ཚུ་གིས་ ཕྲངམ་ཕྲང་ས་ ཞིང་ནང་འཛུལ་ཏེ་ ལོ་ཐོག་ལུ་ གནོདཔ་བཀལཝ་མས་ཟེར་ཨིན་པས།
རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ ཉིམ་སྒྲོལ་མ་གིས་ ད་རུང་ ཀི་ལོ་མི་ཊར་༢༠ དེ་ཅིག་འབད་མི་ གློག་ཐག་ར་བ་བསྒོར་ནིའི་དོན་ལུ་ གྲོས་འཆར་བཙུགས་ཏེ་ཡོདཔ་ལས་ རྩིས་ལོ་༢༠༢༠-༢༠༢༡ ལུ་འཐོབ་འོང་ཟེར་ཨིན་པས།
གློག་ཐག་ར་བའི་ ཁེ་ཕན་ཚུ་ མི་སེར་གྱིས་ ཧ་གོ་སྟེ་ མཁོ་འདོད་བཀོད་མི་ ལེ་ཤ་ཐོནམ་མས་ཟེར་ སོ་ནམ་རྒྱ་སྐྱེད་འགོ་དཔོན་གྱིས་ སླབ་བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *