རྙིངམ་ཐལ་ཏེ་ ལག་ལེན་འཐབ་མ་བཏུབ་པའི་ གློག་ཐག་ར་བ།

གློག་ཐག་ར་བ་གི་ རྒྱབ་སྐྱོར་དགོ་པའི་ཞུ་བ།

༉ བསམ་གྲུབ་ལྗོངས་མཁར་ ཕུན་ཚོགས་ཐང་རྒེད་འོག་ ཕུན་ཚོགས་ཐང་གཡུས་ཚན་ནང་ ཁྱིམ་གུང་པ་༢ ཀྱིས་ སྒེར་གྱི་གློག་ཐག་ར་བ་བསྒོར་ཡོད་མི་དེ་གིས་ ད་རེས་ རི་དྭགས་གླངམོ་ཆེ་ལ་སོགས་པ་ཚུ་ལས་ ལོ་ཐོག་སྲུང་ནི་ལུ་ ཕན་ཐོགས་སྦོམ་བྱུང་ནུག།
ཨིན་རུང་ ཙོག་ཕུར་དང་ ཐགཔ་ལ་སོགས་པ་ཚུ་ རྙིངམ་སོ་ཐལ་ནི་དེ་གིས་ སོར་ནི་རན་ཡོད་རུང་ མ་དངུལ་མེད་པའི་ དཀའ་ངལ་ཡོད་མི་ལུ་བརྟེན་ རྒེད་འོག་བདག་སྐྱོང་ལ་སོགས་པའི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ རྒྱབ་སྐྱོར་འབད་ནི་ལུ་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༤༣ ལང་མི་ རཌ་ན་བྷ་དུར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རི་དྭགས་གླངམོ་ཆེ་ཚུ་གི་ གནོདཔ་བཀལ་བའི་ ཉེན་ཁ་སྦོམ་ཡོདཔ་ལས་ རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ལུ་ གློག་ཐག་ར་བ་དགོ་པའི་སྐོར་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁོང་གིས་ བྱིན་ནི་སྦེ་ སླབ་དེས་ཟེར་ཨིན་རུང་ གནང་མ་བཏུབ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གླངམོ་ཆེ་ཚུ་གིས་ ངང་ལག་ཤིང་དང་ འབྱ་ཞིང་ལ་སོགས་པ་ཚུ་ མེདཔ་བཏང་ཡོདཔ་བཞིན་དུ་ མིའི་ཚེ་སྲོག་ལུ་ཡང་ ཉེན་ཁ་ཡོདཔ་ལས་ རྒེད་འོག་ལུ་ སྙན་ཞུ་འབད་བའི་སྐབས་ ས་ཁོངས་དེ་ཁར་ ཁྱིམ་གུང་༢ ལས་བརྒལ་ མེད་ནི་དེ་གིས་ གློག་ཐག་ར་བ་གི་ ཐོབ་ལམ་མེདཔ་སྦེ་ སླབ་དེས་ཟེར་ཨིན་པས།
དེ་འབདཝ་ལས་ སྤྱི་ལོ་༢༠༡༥ ལུ་ ཁོང་གུང་པ་༢ ཀྱིས་ དངུལ་ཀྲམ་༡༠༠,༠༠༠ རེ་ བསྡུ་ལེན་འབད་དེ་ གློག་ཐག་ར་བ་ཀི་ལོ་མི་ཊར་༢ དེ་ཅིག་ བསྒོར་ཡོདཔ་ད་ ད་རེས་ གླངམོ་ཆེ་ཚུ་གིས་ འབྱ་ཞིང་ཚུ་ནང་ གནོདཔ་བཀལ་ནི་དེ་ ལོག་ལྟབ་ཀྱིས་ མར་ཕབ་འབད་ཚུགས་པའི་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
རཌ་ན་བྷ་དུར་གྱིས་ སླབ་མིའི་ནང་ ལོ་༡ ནང་ ཉམས་བཅོས་ཚར་༢ དེ་ཅིག་ འབད་དོ་ཡོདཔ་བཞིན་དུ་ ལས་མི་ཚུ་ལུ་ བཞེས་སྒོ་དང་གཅིག་ཁར་ གླ་ཆ་དངུལ་ཀྲམ་༣༥༠ དེ་ཅིག་ སྤྲོད་དགོ་མི་ལུ་བརྟེན་ བསྡོམས་དངུལ་ཀྲམ་༢༥,༠༠༠ ལྷགཔ་ཅིག་ གནས་དོ་ཡོདཔ་ད་ འོང་འབབ་ཀྱི་ ཐོན་ཁུངས་གཞན་མེདཔ་ལས་ ལཱ་ཁག་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོང་༢ ཀྱིས་ རྒེད་འོག་བདག་སྐྱོང་ལ་སོགས་པའི་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ ག་དེམ་ཅིག་ སྙན་ཞུ་འབད་རུང་ གློག་ཐག་ར་བ་གནང་མ་བཏུབ་ཟེར་ཨིནམ་ད་ ཁོང་༢ ཀྱིས་ ར་བ་བསྒོར་ཏེ་ ཟླཝ་དག་པ་ཅིག་གི་ཤུལ་ལས་ ཉེ་འདབས་ཀྱི་ གཡུས་ཚན་ཚུ་ལུ་ ར་བ་བསྒོར་བྱིན་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ར་བ་གི་ཙོག་ཕུར་ཚུ་ རྙིངམ་ཐལ་ཡོདཔ་མ་ཚད་ གློག་ཐག་ཚུ་ཡང་ བཙའ་ཆགས་ཡོདཔ་བཞིན་དུ་ ཁོང་༢ ལུ་ ཉམས་བཅོས་འབད་ནིའི་ མ་དངུལ་མེད་མི་ལུ་བརྟེན་ རྒེད་འོག་བདག་སྐྱོང་ལ་སོགས་པ་ཚུ་གིས་ རྒྱབ་སྐྱོར་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
གོམ་ཕེ་རའི་གིས་ སླབ་མིའི་ནང་ ཁོང་༢ ལུ་ གློག་ཐག་ར་བ་གི་ རྒྱབ་སྐྱོར་མ་འཐོབ་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ཧ་མ་གོ་ཟེར་ཨིནམ་ད་ གློག་ཐག་ར་གི་ རྒྱབ་སྐྱོར་འཐོབ་ནིའི་དོན་ལུ་ ཁྱིམ་གུང་པའི་ ཚད་གཞི་བཟོ་ཡོད་མིའི་སྐོར་ལས་ཡང་ ཤེས་རྟོགས་མ་འབྱུང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གློག་ཐག་ར་བ་དེ་གིས་ ཁོང་བཟུམ་མའི་ མི་སེར་སོ་ནམ་པ་ ཉམ་ཆུང་ཚུ་གི་ ལོ་ཐོག་ཚུ་ གླངམོ་ཆེ་ལ་སོགས་པ་ཚུ་ལས་ སྲུང་སྐྱོབ་འབད་ནི་ལུ་ ཕན་ཐོགས་སྦོམ་ཡོདཔ་ལས་ ཚད་གཞི་ཚུ་ ག་ནི་ཡང་མ་བཟོ་བར་ རྒྱབ་སྐྱོར་བྱིན་པ་ཅིན་ སྤྱིར་བཏང་ག་ར་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ཆོས་གླིང་།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *