མདའ་རྩེཔ་ པ་སངས་རྡོ་རྗེ།

གླིང་བཞི་རྒེད་འོག་གིས་ གཡང་འཕེལ་ལམ་ལུགས་ཀྱི་ མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་དོ་ཡོདཔ།

༉ དུས་ཅི་ གླིང་བཞི་རྒེད་འོག་གིས་ གཡང་འཕེལ་ལམ་ལུགས་ཀྱི་ མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་མི་ལུ་བརྟེན་ མི་སེར་ཚུ་ སྤྲོ་བ་སྟོན་ནིའི་དུས་ཚོད་ ཐོབ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༥ ལས་ འགོ་བཙུགས་མི་ མདའ་རྩེད་འགྲན་བསྡུར་དེ་ ཁ་ཙ་ལས་ མཐའ་དཔྱད་འགྲན་བསྡུར་ཆུང་བ་ མཇུག་བསྡུ་ནི་དེ་གིས་ ནངས་པར་ལས་ མཐའ་བཅད་འོག་མའི་ རྩེད་འགྲན་འབད་ནི་ཨིན་པས།
ཁ་ཙ་ གླིང་བཞི་རྒེད་འོག་བདག་སྐྱོང་དང་ ཕུན་སུམ་སྡེ་ཚན་ དེ་ལས་ ཕ་ཡབ་བུལ་སུ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ སྐོར་ཐེངས་༡༥ པའི་ནང་ སྡེ་ཚན་༣ ཆ་ར་གིས་ སྐུགས་རེ་རེ་ཆོད་མི་ལུ་བརྟེན་ པེ་ཎལ་ཊི་ཟེར་ མཐའ་བཅད་ཀྱི་ མདའ་ཆ་རེ་རྐྱབ་བཅུག་པའི་སྐབས་ རྒེད་འོག་གིས་ བཀག་རེག་ཕོག་སྟེ་ མཐའ་བཅད་འོག་མའི་ རྩེད་འགྲན་ནང་ལྷོད་ཅི།
གླིང་བཞི་རྒེད་འོག་གི་རྒཔོ་ དབང་ཕྱུག་གིས་ སླབ་མིའི་ནང་ རྒེད་འོག་དེ་ མཐའ་ཟུར་ཅིག་ནང་ ཆགས་ཡོད་པའི་ཁར་ འཚོ་བ་ལ་ནོར་ལུ་ བརྟེན་སྡོད་དགོ་ནི་དེ་གིས་ སྤྲོ་བ་སྟོན་སའི་ས་གོ་མེདཔ་མ་ཚད་ ཚེས་བཅུ་དང་ མི་སེར་ཚུ་ འཛོམས་སྡོད་ནིའི་ལས་རིམ་ཚུ་ ག་ནི་ཡང་མེདཔ་ལས་ རྒེད་འོག་གིས་ ཐབས་ཤེས་སྟོན་དགོཔ་སྦེ་ མི་མང་གིས་ ལོག་ཅི་ལོག་ཅི་སླབ་མི་ལུ་བརྟེན་ དུས་ཅི་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ལ་གོང་གསུམ་ལུ་སྡོད་མི་ སྲོས་དང་ ནཱ་རོ་ གླིང་བཞི་ དེ་ལས་ ལ་ཡ་གི་མི་སེར་ཚུ་ ལོ་༡ ནང་ ཚར་གཅིག་འཛོམས་ཚུགས་པ་ཅིན་ མི་སེར་ཚུ་གི་བར་ན་ འབྲེལ་བ་འཐབ་ཚུགསཔ་མ་ཚད་ ངོ་ཤེས་འདྲིས་བཟོ་ནིའི་ གོ་སྐབས་ཅིག་ཨིན་ཟེར་ ཨིན་པས།
རྒེད་འོག་ཚུ་ནང་ མི་རློབས་གངམ་མེད་རུང་ བཅའ་མར་གཏོགས་མི་ སྡེ་ཚན་༢༡ ཐོན་མི་དེ་ ད་ལྟོ་ཚུན་ འགོ་ཐོག་ཨིནམ་བཞིན་དུ་ བཅའ་མར་གཏོགས་མི་ཚུའི་གྲས་ལས་ བརྒྱ་ཆ་༨༠ ལྷགཔ་ཅིག་ ན་གཞོན་ཚུ་ཨིན་པས།
རྒཔོ་དང་འཁྲིལ་བ་ཅིན་ ད་རེས་ནངས་པར་ ན་གཞོན་སྐྱེས་ལོ་༡༨ ཡན་ཆད་འབད་མི་ག་ར་གིས་ ཕྱི་རྒྱལ་གྱི་ མདའ་དང་གཞུ་ཚུ་ མཁོ་སྒྲུབ་འབད་དེ་ རྩེད་འགྲན་ཚུ་ནང་ བཅའ་མར་གཏོགས་མི་ གནད་དོན་གཙོ་བོ་ར་ སྤྱི་ལོ་༢༠༠༤ ལུ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་ དབྱར་རྩྭ་དགུན་འབུབ་འཐུ་བཅུག་པའི་ཤུལ་ལས་ མི་སྡེའི་གནས་སྟངས་བསྒྱུར་བཅོས་སོང་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མདའ་རྩེཔ་ ཀུན་དགའ་རིན་ཆེན་གྱིས་ སླབ་མིའི་ནང་ ད་རེས་ནངས་པར་ གོང་ཚད་འབུམ་ལྷགཔ་ཅིག་གནས་མི་ ཕྱི་རྒྱལ་གྱི་གཞུ་དེ་ འབུབ་བཙོང་སྟེ་ཐོབ་མི་ཏི་རུ་དེ་གིས་ མཁོ་སྒྲུབ་འབད་ཡི་ཟེར་ཨིན་པས།
སྐྱེས་ལོ་༤༤ ལང་མི་ པ་སངས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ རྒེད་འོག་ནང་ ཕྱི་རྒྱལ་གྱི་མདའ་གཞུ་ཐོག་ ལས་ རྩེད་འགྲན་འབད་ནི་དེ་ འགོ་དང་པ་ར་ སྤྱི་ལོ་༢༠༠༤ མཇུག་ཁམས་ཅིག་ཁར་ འགོ་བཙུགས་ཡི་ཟེར་ཨིན་ པས།
གཞན་དལ་གཞི་ རང་ཟླ་༢ པའི་ཚེས་༡༠ ལུ་ ལོ་བསྟར་བཞིན་དུ་ མེ་བསྲོ་གཡུས་ཚན་གྱིས་ གཡུས་ལྷ་ལུ་ བསངས་དང་མཆོད་པ་ཕུལ་བའི་ཚུལ་སྦེ་ རང་ལུགས་སྤག་ཤིང་གི་ མདའ་གཞུའི་ཐོག་ལས་ མདའ་རྩེད་འགྲན་བསྡུར་འབད་ནི་དང་ གོང་གཡུས་ནང་ རང་ཟླ་༣ པའི་ནང་ མདའ་རྩེད་འབདཝ་ད་ རང་སོའི་ ནང་མི་ཚུ་ འཛོམས་ནི་མ་གཏོགས་ ད་རེས་བཟུམ་སྦེ་ ལྟདམོ་ལྟ་མི་ སྤུངས་འཛོམས་འབད་ནི་མེད་ཟེར་ པ་སངས་རྡོ་རྗེ་གིས་ སླབ་ཨིན་པས།
ད་རིས་ལས་ མཐའ་བཅད་འོག་མའི་ རྩེད་འགྲན་འགོ་བཙུགས་ནི་ཨིནམ་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༡༤ ལུ་ མཐའ་བཅད་རྩེད་འགྲན་འབད་ནི་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། གླིང་བཞི།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *