བཀྲིས་གཡང་རྩེ་ཁྲོམ་གྱི་ ཕྱགས་སྙིགས་བླུགས་སའི་ས་ཁོངས།

གླི་ཆེན་སྤྱི་འོག་ནང་ ཕྱགས་སྙིགས་ས་ཁོངས་ལུ་བརྟེན་ བྱ་སྟབས་མ་བདེཝ་ཐོན་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ལས་ ཀི་ལོ་མི་ཊར་༣ དེ་ཅིག་གི་ས་གནས་ ཞག་སྡི་ལུ་ཡོད་པའི་ ཕྱགས་སྙིགས་བླུགས་སའི་ས་ཁོངས་དེ་ གཡུས་ཚན་གྱི་ ཉེ་འདབས་ལུ་ རྐྱབ་ཡོདཔ་ལས་ གླི་ཆེན་སྤྱི་འོག་གི་ མི་སེར་ཚུ་ལུ་ སྟབས་མ་བདེཝ་ཐོན་ཡོདཔ་ཨིན་པས།
དེ་ཡང་ ཕྱགས་སྙིགས་བླུགས་སའི་ས་ཁོངས་ནང་ སེམས་ཅན་ཚུ་འཛུལ་ཏེ་ ཤི་ནི་དང་ ས་ཁོངས་ནང་ལས་ ཕྱགས་སྙིགས་རག་རོ་རུལ་མིའི་ དྲི་ངན་མནམ་མི་ལུ་བརྟེན་ཨིན་པས།
ས་གནས་ཀྱི་ མི་སེར་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕྱགས་སྙིགས་བླུགས་སའི་ ས་ཁོངས་ནང་ ར་བ་སྒྲིང་སྒྲི་མེདཔ་ལས་ ནོར་ཚུ་འཛུལ་ཏེ་ ཕྱགས་སྙིགས་ཟ་མི་ལུ་བརྟེན་ ནོར་༥ ལྷགཔ་ཅིག་ ཤི་སོ་ཡི་ཟེར་ཨིན་པས།
སྐྱེས་ལོ་༣༠ ལང་མི་ དགེ་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ བཀྲིས་གཡང་རྩེ་ལུ་ མི་རློབས་ཡར་སེང་ སོང་མི་དང་བསྟུན་ ཕྱགས་སྙིགས་བླུགས་སའི་ས་ཁོངས་ཡང་ ཕྱགས་སྙིགས་ཀྱིས་ གང་སྟེ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་མི་ཚུ་ལུ་ ཕྱགས་སྙིགས་ཕྱིར་སེལ་རྐྱབ་ནིའི་ གོམས་གཤིས་མ་ཚུདཔ་ལས་ མི་སེར་ག་ར་གིས་ རུལ་བཏུབ་མི་དང་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ སྟབས་གཅིག་ཁར་བླུགས་ཏེ་ ད་རེས་ གཡུས་ཚན་ནང་ བྱ་སྟབས་མ་བདེཝ་ཐོན་ཏེ་ ཡོད་ཟེར་ཨིན་པས།
གཡང་རྩེ་ཁྲོམ་ལས་ བདུན་རིམ་བཞིན་དུ་ རུལ་བཏུབ་དང་ རུལ་མ་བཏུབ་པའི་ཕྱགས་སྙིགས་ མེ་ཊིག་ཊཱན་༦ དེ་རེ་ ས་ཁོངས་ནང་ བཀོག་དོ་ཡོདཔ་ཨིན་པས།
ས་ཁོངས་ནང་ བ་དང་ བོའུ་ཅུང་དག་པ་ཅིག་ཤི་མི་ཚུ་ སྒོ་ནོར་འགོ་དཔོན་གྱིས་ གཤག་བཅོས་འབད་བལྟཝ་ད་ བོའུ་ཅུང་གི་ཕོཝ་ནང་ལས་ ཕྱགས་སྙིགས་ཀེ་ཇི་༨ དེ་ཅིག་ ཐོན་ཡོདཔ་ལས་ ས་ཁོངས་དེ་ སྤོ་བཤུད་འབད་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཕྱགས་སྙིགས་བླུགས་སའི་ས་ཁོངས་དེ་ གཡུས་ཚན་གྱི་ ཉེ་འདབས་ལུ་ རྐྱབ་ཡོདཔ་ལས་ གཞན་ཁར་ སྤོ་དགོ་པའི་སྐོར་ལས་ སྙན་ཞུ་འབད་རུང་ རྫོང་ཁག་བདག་སྐྱོང་གིས་ སྤོ་བཤུད་འབད་ནི་མིན་འདུག་ཟེར་ཨིན་པས།
མི་སེར་ཚུ་གིས་ ཀུན་གསལ་ལུ་བཤད་མིའི་ནང་ ས་ཁོངས་དེ་ ཕྱགས་སྙིགས་བླུགས་སའི་ ས་ཁོངས་ཆུང་ཀུ་སྦེ་ རྐྱབ་སྟེ་འདུག་ཟེར་ཨིནམ་ད་ འཕྲལ་འཕྲལ་ ས་ཁོངས་ནང་ ཕྱགས་སྙིགས་ཚུ་ མེར་བཏང་དོ་ཡོདཔ་ལས་ ཟླཝ་ལས་བཅད་དེ་ དྲི་ངན་ནང་ སྡོད་དགོ་པས་ཟེར་ཨིན་པས།
ཞག་སྡི་གཡུས་ཚན་ལས་ མ་ཎི་གིས་ སླབ་མིའི་ནང་ གནམ་བྱཱར་ཆརཔ་རྐྱབ་ད་ ཕྱགས་སྙིགས་བླུགས་སའི་ས་ཁོངས་ནང་ལས་ ཐོན་མིའི་བཙོག་ཆུ་ཚུ་ ཚ་ཆུའི་ཨོམ་ཆུ་ནང་ འཛུལ་འོང་དོ་ཡོདཔ་ལས་ ཚ་ཆུ་སྦང་མི་ཚུ་ལུ་ འཕྲོད་བསྟེན་གྱི་ དཀའ་ངལ་འདུག་ཟེར་ཨིན་པས།
གཡུས་མི་ཚུ་དང་ འཁྲིལ་བ་ཅིན་ ཕྱགས་སྙིགས་བླུགས་སའི་ ས་ཁོངས་དེ་ རྫོང་རྙིངམ་གི་ སྦོ་ལོགས་ཁར་འབདཝ་ལས་ སྐུ་རྟེན་གསུང་རྟེན་ཚུ་ལུ་ བཙོག་གྲིབ་ཞུགས་ནིའི་ཉེན་ཁ་ཡང་ འདུག་ཟེར་ཨིན་པས།
ས་ཁོངས་ནང་ སེམས་ཅན་ཚུ་ མི་འཛུལ་ནིའི་དོན་ལུ་ ར་བ་སྒྲིང་སྒྲི་སྦེ་ རྐྱབ་དགོཔ་འདུག་ཟེར་ཨིནམ་ད་ ད་ལྟོ་ སྒོ་སྒྲིང་སྒྲི་མེདཔ་ལས་ སེམས་ཅན་ཚུ་ འཇམ་ཏོང་ཏོ་སྦེ་ འཛུལཝ་མས་ཟེར་ཨིན་པས།
ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་ ཡོན་ཏན་རྒྱ་མཚོ་གིས་ འབད་བ་ཅིན་ རྫོང་ཁག་གིས་ ཕྱགས་སྙིགས་བླུགས་སའི་ས་ཁོངས་དེ་ མགྱོགས་སུ་སྦེ་ ས་གནས་པོ་ཟེར་ས་ལུ་ སྤོ་བཤུད་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ས་ཁོངས་བཟོ་སྐྲུན་གྱི་དོན་ལུ་ དུས་ཅིའི་ རྩིས་ལོ་ནང་ འཆར་དངུལ་ས་ཡ་༣.༥ ཆ་འཇོག་འབད་དེ་ཡོད་ཟེར་ཨིན་པས།
ཕྱགས་སྙིགས་བླུགས་སའི་ ས་ཁོངས་གསརཔ་ བཟོ་སྐྲུན་འབད་མ་ཚར་ཚུན་ ད་ལྟོའི་ ས་ཁོངས་དེ་ ར་བ་དང་ རྩིགཔ་ལེགས་བཅོས་འབད་དེ་ ལག་ལེན་འཐབ་དགོ་པས་ཟེར་ཨིནམ་ད་ རྫོང་ཁག་དང་མཉམ་འབྲེལ་ཐོག་ ཕྱགས་སྙིགས་ཕྱིར་སེལ་རྐྱབ་ནིའི་ གོ་བརྡའི་ལས་རིམ་ཡང་ཡོད་ཟེར་ འགོ་དཔོན་གྱིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

 

About admin

Check Also

མོང་སྒར་ཁྲོམ་ཁར་ སི་སི་ཊི་བི་པར་ཆས་ཚུ་ གཞི་བཙུགས་འབད་ནི།

༉ མོང་སྒར་ཁྲོམ་གྱི་ ས་ཁོངས་ལྟེ་བའི་ནང་ ཉེན་སྲུང་གི་དོན་ལུ་ སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་བའི་བསྒང་ལས་ ས་ཁོངས་དེ་ནང་ ཁྱད་རིག་ལྡན་པའི་ཁྲོམ་གྱི་བསམ་གཞི་ལུ་ གཞི་བཞག་སྟེ་བཟོ་མི་ ཁྲོམ་གྱི་མཐུན་རྐྱེན་ཚུ་ ཚང་ནི་ཨིན་པས། མོང་སྒར་ཁྲོམ་ལྟེ་བ་དེ་ མོང་སྒར་ཁྲོམ་གྱི་འོག་ལུ་ ས་གནས་ས་ཁོངས་འཆར་གཞི་༧ ཡོད་པའི་ནང་ལས་ …

Leave a Reply

Your email address will not be published. Required fields are marked *