ས་ཆ་ཨེ་ཀར་༡༠༠ ལྷགཔ་ཅིག་ནང་ གཞི་བཙུགས་འབད་མི་ རྡོ་ཟམ་རི་ཝེན་གྲོང་སྡེ་ནགས་ཚལ་གྱི་ མཐོང་སྣང་།

གྲོང་སྡེ་ནགས་ཚལ་གྱིས་ མི་སྡེ་དང་ རང་བཞིན་གནས་སྟངས་ལུ་ ཕན་ཁྱད་འབྱུང་ཚུགས་ནི།

༉ མོང་སྒར་ དགྲ་མེད་རྩེ་རྒེད་འོག་ནང་ རྡོ་ཟམ་རི་ཝེན་གྲོང་སྡེ་ནགས་ཚལ་ གཞི་བཙུགས་འབད་དེ་ ལོ་ངོ་༢༠ ལྷགཔ་ཅིག་ལང་ཡོདཔ་ལས་ མ་འོངས་བུ་གཞི་ཚུ་གི་སྐབས་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ རང་བཞིན་གནས་སྟངས་ སྔོ་ལྗང་དང་ལྡནམ་སྦེ་བཞག་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།
སྤྱི་ལོ་༡༩༩༧ ལུ་ གྲོང་སྡེ་ནགས་ཚལ་སྦེ་ གཞི་བཙུགས་འབད་མི་ རྡོ་ཟམ་རི་ཝེན་གྲོང་སྡེ་ནགས་ཚལ་དེ་ ས་ཆ་ཨེ་ཀར་༡༠༠ ལས་བཅད་དེ་ཡོདཔ་ཨིན་པས།
གྲོང་སྡེ་ནགས་ཚལ་ནང་ ཤིང་མང་ཤོས་ཅིག་ ལྕང་ཤིང་བཙུགས་དགོ་མི་དེ་ཡང་ ས་ཆའི་དབྱིབས་དེ་ རི་དང་ བྱག་ དེ་ལས་ ས་གྱེན་གཟར་དྲགས་སྦེ་ ཡོད་མི་ལུ་བརྟེན་ཨིནམ་ད་ ད་རེས་ནངས་པར་ ཤིང་ཚུ་ ཧ་ལམ་ སྦོམ་ཐལ་ཡོདཔ་ཨིན་པས།
དགྲ་མེད་རྩེ་རྒེད་འོག་གི་ ནགས་ཚལ་འགོ་དཔོན་ ཀརྨ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ གྲོང་སྡེ་ནགས་ཚལ་དེ་ནང་ གུང་པ་༡༤༤ གིས་མ་གཏོགས་ གུང་པ་མང་ཤོས་ཅིག་གིས་ འཐུས་མི་སྦེ་ འཛུལ་མ་བཏུབ་མི་དེ་ཡང་ གྲོང་སྡེ་ནགས་ཚལ་གྱི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་མ་ཚུགས་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཐུས་མི་ཚུ་ལུ་བརྟེན་ གྲོང་སྡེ་ནགས་ཚལ་མངའ་འོག་ལུ་ཚུད་མི་ ས་ཆ་ཚུ་ ཧེ་མ་འབད་བ་ཅིན་ ཤིང་མེདཔ་ལས་ ཚལ་མ་དང་ ལག་ལེན་འཐབ་མ་བཏུབ་པའི་ ཤིང་ཚུ་མ་གཏོགས་ ད་རེས་ནངས་པར་ ཤིང་སྟོང་ཕྲག་ལས་བཅད་དེ་ མཐོང་ཚུགས་ཏེ་ཡོད་ཟེར་ ཨིན་པས།
དགྲ་མེད་རྩེ་རྒཔོ་ ཀུན་བཟང་ཚེ་རིང་གིས་ སླབ་མིའི་ནང་ གྲོང་སྡེ་ནགས་ཚལ་ གཞི་བཙུགས་འབད་མི་དེ་གིས་ ཤུལ་ལས་ ཁེ་ཕན་འབྱུང་ནི་ཨིན་རུང་ ད་རེས་ནངས་པར་ རྒེད་འོག་ནང་ ཁྱིམ་གསརཔ་དང་ ཉམས་བཅོས་ཀྱི་དོན་ལུ་ ཤིང་ལག་ལེན་འཐབ་བཏུབ་མེདཔ་ལས་ ལོ་བསྟར་བཞིན་དུ་ ས་གླིང་རྒེད་འོག་ ཀ་ལ་སྤང་ལས་ འབག་འོང་དགོ་པའི་ དཀའ་ངལ་སྦོམ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ ས་ཡོམ་གྱི་རྐྱེན་ངན་དང་ གནོད་སྐྱོན་སྦོམ་རྐྱབ་མི་ མི་སེར་ལ་ལོ་ཅིག་གི་ཁྱིམ་ཚུ་ ལོག་རྩ་བ་ལས་ གསརཔ་བཟོ་སྐྲུན་འབད་ནིའི་དོན་ལུ་ ཞུ་ཡིག་༡༠༠ ལྷགཔ་ཅིག་ རྒེད་འོག་ནང་ བཙུགས་ཡོད་མི་ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ མི་གྲངས་༣༠ ལྷགཔ་ཅིག་ལུ་མ་གཏོགས་ ཤིང་གི་གནང་བ་ འཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ ཀརྨ་ཚེ་རིང་གིས་འབད་བ་ཅིན་ རྒེད་འོག་ནང་ ཞུ་ཡིག་བཙུགས་མི་ཚུ་ ཞིབ་དཔྱད་འབད་བའི་སྐབས་ མི་སེར་ཚུ་གིས་ ཧེ་མ་ལས་ ཤིང་ཆས་ལེན་འབག་བའི་ཤུལ་ལུ་ མཐར་ཕྱིན་སྦེ་ ཁྱིམ་བཟོ་སྐྲུན་འབད་མ་ཚུགས་པའི་ དཀའ་ངལ་དང་ ལ་ལོ་ཅིག་གིས་ སྙན་ཞུ་ཚུ་ ལེགས་ཤོམ་མ་འབད་བའི་ དཀའ་ངལ་འདུག་ཟེར་ཨིན་པས།
མ་གཞི་ རྒེད་འོག་ནང་ ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ ཤིང་ཚུ་ ཚད་དང་ལྡནམ་སྦེ་མེདཔ་ལས་ ལོ་བསྟར་བཞིན་དུ་ རྫོང་ཁག་དང་ རྒེད་འོག་གཞན་ལས་ འབག་འོང་དགོཔ་འཐོན་རུང་ གྲོང་སྡེ་ནགས་ཚལ་དང་ ཕུན་སུམ་གྲོང་སྡེ་ནགས་ཚལ་གསརཔ་གཞི་བཙུགས་འབད་མི་གིས་ མ་འོངས་པར་ ཕན་ཐོགས་ཚུགས་པའི་ རེ་བ་ཡོད་ཟེར་ སླབ་ཨིན་པས།
རྡོ་ཟམ་རི་ཝེན་གྲོང་སྡེ་ནགས་ཚལ་གྱི་འཐུས་མི་ ཤ་ཕངས་མ་སྤྱི་འོག་ལས་ སྐྱེས་ལོ་༦༠ ལང་མི་ བསོད་ནམས་དར་རྒྱས་ཀྱིས་ སླབ་མིའི་ནང་ ལོ་༢༠ གི་ཧེ་མར་ ནགས་ཚལ་འགོ་དཔོན་ཅིག་གིས་ འགོ་འདྲེན་ཐོག་ལས་ ཟླཝ་རེ་ནང་ ཚར་༤ གི་རྩིས་ ཤིང་འཛུགས་སྐྱོང་གི་ ལཱ་འབད་མི་ལུ་བརྟེན་ ད་རེས་ཤིང་ཚུ་ སྦོམ་ཐལ་སར་མཐོངམ་ད་ སེམས་དགའཝ་མས་ཟེར་ཨིན་པས།
ད་རེས་ནངས་པར་ཡང་ ཤིང་འཛུགས་སྐྱོང་འབད་བར་ འགྱོ་དགོཔ་མ་ཚད་ ནགས་ཚལ་མེ་རྐྱེན་ལས་ སྲུང་སྐྱོབ་འབད་ནིའི་དོན་ལུ་ ཚལ་མ་རག་རོ་ཚུ་ སེལ་དོ་ཟེར་ སླབ་ཨིན་པས།
འགོ་དང་པ་ གཞི་བཙུགས་འབད་བའི་སྐབས་ འཐུས་མི་སྦེ་ འཛུལ་ཞུགས་འབད་མ་བཏུབ་རུང་ ད་རེས་ འཛུལ་ཞུགས་འབད་དོ་ཡོད་མི་དེ་ཡང་ ནགས་ཚལ་འགོ་དཔོན་ཚུ་གིས་ གོ་བརྡ་སྤྲོད་ནི་དེ་གིས་ཨིནམ་ད་ གལ་སྲིད་ འཐུས་མི་སྦེ་ འཛུལ་ཞུགས་མ་འབད་བ་ཅིན་ མ་འོངས་པ་ལུ་ གྲོང་སྡེ་ནགས་ཚལ་ལས་ ཤིང་འཐོབ་མི་ཚུགས་ནི་ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ བསམ་འཆར་བཀོད་མིའི་ནང་ གྲོང་སྡེ་ནགས་ཚལ་ལུ་གྱུར་བའི་ཤུལ་ལས་ ཨ་རྟག་བཟུམ་སྦེ་ ཤིང་འཐོབ་མ་ཚུགས་པའི་ཁར་ ཤིང་ཚུ་ཡང་ ག་ལྷོད་བརྡབ་མ་ཆོགཔ་ཨིནམ་ད་ དེ་ཡང་ ཆུ་རྐ་ཚུ་ སྐམ་འགྱོ་བའི་ཉེན་ཁ་ཡོད་ནི་དེ་གིས་ཨིནམ་ད་ གྲོང་སྡེ་ནགས་ཚལ་ གཞི་བཙུགས་འབད་ཞིནམ་ལས་ ལོ་༡༠ གི་རིང་ ཤིང་ཚུ་ བཏོག་མ་ཆོགཔ་སྦེ་ བཟོ་དགོཔ་འདུག་ཟེར་ཨིན་པས།
ལོ་ངོ་༢༠ གི་རིང་ གྲོང་སྡེ་ནགས་ཚལ་དེ་ ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་མི་ལུ་བརྟེན་ དུས་ཅི་ སྤྱི་ཟླ་༡༡ པའི་ནང་ སོ་ནམ་དང་ནགས་ཚལ་ལྷན་ཁག་ལས་ ངོས་འཛིན་ལག་ཁྱེར་ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

དགྲ་མེད་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

འགྲུལ་འཕྲིན་ཐོག་ལས་ རྫོང་ཁ་ལྷབ་ནིའི་མཐུན་རྐྱེན་ཚུ་གསར་བཏོན།

༉ ཁ་ཙ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཨ་ལོ་ཚུ་གིས་ རྫོང་ཁའི་མིང་ཚིག་དང་ ཡིག་སྡེབ་ཚུ་ འགྲུལ་འཕྲིན་ཐོག་ལས་ ལྷབ་སྦྱང་འབད་ནིའི་དོན་ལུ་ རྫོང་ཁའི་ཡིག་སྡེབ་ཀྱི་ རྩེདམོ་དང་ ཀི་དེབ་གཞན་ཚུ་ གསར་བཏོན་འབད་ཡི། ལྷན་ཚོགས་ཀྱིས་ ཀི་དེབ་ཚུ་ཡང་ ཨིང་རྫོང་ཤན་སྦྱར་སྲིད་དོན་མིང་མཛོད་དང་ …

Leave a Reply

Your email address will not be published. Required fields are marked *