གྲུབ་ཐོབ་ནགས་ཀྱི་རིན་ཆེན་གྱིས་ ཁོ་རའི་ཡུམ་ ཉེ་འཚེ་བའི་དམྱལ་བ་ལས་ གྲོལ་བཏང་སའི་ རྡོ་ཕུག།

གྲུབ་ཐོབ་ནགས་ཀྱི་རིན་ཆེན་ འབྲུག་ལུ་ བྱོན་དགོ་པའི་རྒྱུ་མཚན།

༉ ཧེ་མ་ རྒྱ་གར་འཕགས་པའི་ཡུལ་ལུ་ གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་རྩ་བཞི་ བཞུགས་ཡོད་པའི་གྲས་ལས་ གྲུབ་ཐོབ་ནགས་ཀྱི་རིན་ཆེན་གྱིས་ རྒྱལ་ཁབ་ནང་ ཞབས་བཅགས་གནང་སྟེ་ ས་ཕྱོགས་ལུང་ཕྱོགས་ལེ་ཤ་ཅིག་ བྱིན་གྱིས་རླབས་གནང་མི་དེ་ ད་རེས་ འབྲུག་མི་ཚུ་གིས་ མཇལ་ཚུགས་དོ་ཡོདཔ་ཨིན།
གྲུབ་ཐོབ་ཀྱིས་ ས་གནས་ལེ་ཤ་ཅིག་ནང་ ཞབས་བཅགས་གནང་མིའི་གྲས་ལས་ གཅིག་ སྤུ་ན་ཁའི་ མོ་ཆུ་བརྒྱུད་དེ་འགྱོ་བའི་སྐབས་ འཁོར་ལམ་ལྟག་ལུ་ རྡོ་རྒྱ་གར་བླམ་ཟེར་མི་གནས་དེ་ གྲུབ་ཐོབ་ཀྱི་ མཛད་ཤུལ་ཨིན་པས།
ལོ་རྒྱུས་དང་འཁྲིལ་བ་ཅིན་ གྲུབ་ཐོབ་དེ་ རྒྱ་གར་ ནུབ་བེང་གཱལ་ལུ་ བཞུགས་པའི་སྐབས་ ཁོ་རའི་ཡུམ་ སྦལཔ་ཅིག་ལུ་ སྐྱེ་བ་ལེན་ཏེ་ ཉེ་འཁོར་བའི་སྡུག་བསྔལ་སྦོམ་མྱོང་ཡོད་པའི་ མངོན་ཤེས་གཟིགས་ཏེ་ ཡུམ་དེ་སྡུག་བསྔལ་ལས་ འགྲོལ་གཏང་ནིའི་དོན་ལུ་ སྤུ་ན་ཁ་ལུ་བྱོན་ནུག།
གྲུབ་ཐོབ་ སྤུ་ན་ཁ་ལུ་ཕེབས་པའི་སྐབས་ རྡོ་ཕུག་དེ་ ཨམ་རི་རྩ་ཆུམ་གྱི་ ས་ཞིང་ནང་ཨིནམ་ལས་ ཨམ་གིས་དབང་ཡོདཔ་གཟིགས་ཏེ་ གྲུབ་ཐོབ་ཀྱིས་ ཨམ་དེ་ལས་ རྡོ་ཕུག་ལྷང་པའི་སྐབས་ རྡོ་དགོ་པ་ཅིན་ མོ་གི་འོག་ལས་ལཱ་འབད་དེ་ ལོ་༣ སྡོད་དགོ་ཟེར་ སླབ་པའི་ཤུལ་ལས་ གྲུབ་ཐོབ་ཀྱིས་ ཨམ་གི་བྱ་རོགས་རྒྱུག་ནི་ འགོ་བཙུགས་ནུག།
གྲུབ་ཐོབ་ཀྱིས་ ཞིང་རྨོ་ནི་དང་ ཞིང་ཁ་ལཱ་འབད་ནི་ ལྕང་ལཱ་རྐྱབ་ནི་ལ་སོགས་པའི་ ལཱ་ཚུ་འབད་ཡོདཔ་མ་ཚད་ ནོར་རྫིཔ་སྦེ་ཡང་ བཞུགས་ཡོདཔ་ད་ ཉིན་མར་ ཨམ་གྱི་ལཱ་འབད་རུང་ ནུབ་མོར་ མོ་ཆུའི་རྩ་བར་ ཐུགས་དམ་གནང་སྟེ་ བཞུགས་ཡོད་པའི་ ལོ་རྒྱུས་འདུག།
དེ་ལས་ གྲུབ་ཐོབ་ཀྱིས་ རྫུ་འཕྲུལ་གྱི་ཐོག་ལས་ གློག་རྒྱུན་ཕབས་ཏེ་ རྡོ་ཕུག་གུ་རྐྱབ་པའི་སྐབས་ རྡོའི་སྦུག་ནང་ལས་ར་ བཀག་བཏང་པའི་སྐབས་ སྦལཔ་ཅིག་ཐོན་འོང་མི་དེ་ ཞབས་ཀྱིས་མནན་ཏེ་ རྣམ་ཤེས་ཐོག་དྲངས་ཡོདཔ་ཨིན་པས།
དེའི་ཤུལ་ལས་ སྦལཔ་གི་ ཤ་ཁྲ་དང་རུ་ཏོག་ཚུ་ ཚ་ཚ་ལུ་བཞེངས་གནང་སྟེ་ རིགས་གསུམ་མགོན་པའི་མཆོད་རྟེན་ཅིག་ བཞེངས་མིའི་ནང་གཟུངས་སྦེ་ ཕུལ་གནང་ཡོདཔ་ད་ ད་རེས་ མཆོད་རྟེན་དང་ རྡོ་ཕུག་གཉིས་ཆ་ར་ནང་ རྡོ་རྒྱ་གར་བླམ་ ལྷ་ཁང་གི་མཐའ་མར་ མཇལ་ཚུགས་དོ་ཡོདཔ་ད་ ལྷ་ཁང་དེ་ ཡབ་ཨྱོན་རྡོ་རྗེ་གིས་ བཞེངས་གནང་ནུག།
དེ་བསྒང་ གྲུབ་ཐོབ་སྤུ་ན་ཁ་དང་ མགར་ས་བར་ན་ བཞུགས་པའི་སྐབས་ ཡེ་སྦིས་ས་གཡུས་ཚན་ནང་ སྐུ་མཚམས་བཞུགས་པའི་སྐབས་ གྲུབ་རྟགས་སྦེ་ ལམ་ལྟག་ལུ་ གྲུབ་ཆུ་ཅིག་ བཏོན་གནང་ཡོདཔ་ད་ གྲུབ་ཆུའི་མིང་དེ་ ཀོའུ་པ་ནི་ཟེར་ སླབ་མི་ལུ་བལྟ་བ་ཅིན་ རྒྱ་གར་གྱི་ཁ་སྐད་ལས་ རྟ་དྲངས་ཏེ་ བཏགས་གནང་ཡོདཔ་ད་ དེའི་སྦོ་ལོགས་ཁར་ གྲུབ་ཁང་གི་ གྱང་ཁོག་ཅིག་དང་ ཙན་དན་ཤིང་སྦོམ་ཅིག་ཡང་འདུག།
གྲུབ་ཐོབ་ ནགས་ཀྱི་རིན་ཆེན་གྱིས་ ནུབ་ཕྱོགས་རྫོང་ཁག་ནང་རྐྱངམ་གཅིག་མེན་པར་ ཤར་ཕྱོགས་ལུ་ཡང་ ཞབས་ཀྱིས་བཅགས་གནང་ཡོདཔ་ད་ ནམ་ཅིག་འབདཝ་ད་ གྲུབ་ཐོབ་དེ་ དང་ཕུའི་གཞུང་ལམ་བརྒྱུད་དེ་ བཀང་ལུང་ལས་ བཀྲིས་སྒང་ཁ་ཐུག་བྱོན་པའི་སྐབས་ ལམ་ཁར་ ཨ་ནེམོ་སྡེ་ཚན་ཅིག་ ལྟོ་ཟ་ཡོདཔ་གཟིགས་ཏེ་ གྲུབ་ཐོབ་ཀྱིས་ ཁོ་ལུ་ཡང་ ཨ་ཙི་ཅིག་གནང་ཟེར་ གསུངས་པའི་སྐབས་ ཨ་ནེམོ་ཅིག་གིས་ ལྟོ་དེ་ ང་བཅས་ར་ མི་ལང་ནི་མས་ ཁྱོད་ར་ ལྟོཝ་བཀྱེས་པ་ཅིན་ ཁི་བཞེས་ཟེར་ ཞུ་ནུག།
དེ་ལས་ གྲུབ་ཐོབ་ཀྱིས་ མ་བཏུབ་མེད་ཟེར་གསུངས་ཏེ་ ལམ་གྱི་འོག་ལུ་གཟིགས་པའི་སྐབས་ ཨ་བ་གཟིགས་ཏེ་ སེ་གོལ་ཅིག་བཏོགས་གནང་པའི་སྐབས་ ཨ་བ་དེ་ ལྟོ་ལུ་གྱུར་ཡོད་མི་དེ་ བཞེས་པའི་སྐབས་ ཨ་ནེམོ་ཚུ་གིས་ གྲུབ་ཐོབ་དེ་ མི་ཕལ་པ་མེནམ་ ཧ་གོ་ནི་དེ་གིས་ ཁོང་ཟ་མི་ ལྟོ་དྲངས་ཡོད་པའི་ ལོ་རྒྱུས་འདུག།
དེ་ལས་ ཨ་ནེམོ་ཚུ་གིས་ གྲུབ་ཐོབ་ལུ་ གཤགས་པ་སྦེ་ མཆོད་རྟེན་ཅིག་བཞེངས་ཡོད་མི་དེ་ ད་ལྟོའི་བར་ན་ཡང་ བཀའ་ལུང་དང་ ཡོན་ཕུ་ལའི་བར་ན་ མཇལ་ཚུགས་དོ་ཡོདཔ་ད་ མཆོད་རྟེན་གྱི་མིང་ཡང་ ཨ་ནེམོ་མཆོད་རྟེན་ཟེར་ ཞུཝ་ཨིན་པས།
གྲུབ་ཐོབ་ལུ་ སློབ་དཔོན་ཁི་བཞེས་ཟེར་ཡང་ ཞུ་དོ་ཡོདཔ་ད་ དེ་ཡང་ ཨ་ནེམོ་ཚུ་གིས་ ཁི་བཞེས་ཟེར་བའི་སྐབས་ གྲུབ་ཐོབ་ཀྱིས་ ཨ་བ་བཞེས་མི་ལས་ རྟ་དྲངས་ཏེ་མཚན་གསོལ་ཡོདཔ་ད་ ཁི་ཟེར་མི་དེ་ ཚངས་ལའི་ཁ་སྐད་ལས་ ཨ་བ་ལུ་སླབ་ཨིན་པས།
དེ་བསྒང་ གྲུབ་ཐོབ་གིས་ ཡོན་ཕུ་ལ་ལུ་ སྐུ་མཚམས་གནང་བཞུགས་པའི་ གྲུབ་རྟགས་ ས་སྐམ་རྡོ་སྐམ་ནང་ལས་ གྲུབ་ཆུ་ཅིག་ཡང་ བཏོན་ཡོདཔ་མ་ཚད་ དེའི་ཉེ་འདབས་ལུ་ མཚམས་ཁང་ གྱང་ཁོག་ཐལ་མི་ཅིག་ ད་ལྟོའི་བར་ན་ཡང་ མཇལ་ཚུགས་དོ་ཡོདཔ་ཨིན་པས།
དེ་ལས་ བཀྲིས་སྒང་ཁབ་སྟོད་ལུ་འབད་བ་ཅིན་ གྲུབ་ཐོབ་ཀྱིས་ གཡུས་མི་ཚུ་ལུ་གནོདཔ་བཀལ་མི་ བཙན་མོར་ཕུ་པ་དེ་ དམ་བཞག་གནང་སྟེ་ གནས་བདག་ལུ་ བཅོལ་གནང་པའི་ལོ་རྒྱུས་འདུག།
གྲུབ་ཐོབ་ནགས་ཀྱི་རིན་ཆེན་དེ་ སྤྱི་ལོ་༡༣༨༤ ལུ་ ནུབ་བཱེང་གལ་གྱི་མངའ་སྡེ་ ཅི་ཏ་གཱོང་ལུ་ འཁྲུངས་ཡོདཔ་ད་ ཤུལ་ལས་ རྒྱ་གར་དང་ བང་ལ་དེཤ་ ཁ་གྱེས་འགྱོ་བའི་ཤུལ་ལས་ གྲུབ་ཐོབ་འཁྲུངས་སའི་གཡུས་དེ་ བང་ལ་དེཤ་གི་ མངའ་འོག་ལུ་ཚུད་ནུག།
གྲུབ་ཐོབ་མཆོག་ དགུང་ལོ་༨ ལས་ར་ དགེ་ཚུལ་གྱི་སྡོམ་པ་ ཞུ་ཡོདཔ་མ་ཚད་ དགུང་ལོ་༢༠ ལུ་ བསྙེན་རྫོགས་ཀྱི་ སྡོམ་པ་ཞུ་བའི་ཤུལ་ལས་ ཤྲི་ལངྐ་ལུ་ ལོ་༦ དེ་ཅིག་ བཞུགས་པའི་ལོ་རྒྱུས་འདུག།
དེ་ལས་ རྒྱ་གར་ལུ་ ལོག་བྱོན་ཏེ་ ཐུགས་དམ་ལུ་ བཞུགས་གནང་པའི་སྐབས་ དག་སྣང་ལུ་ གྲུབ་ཐོབ་ཤ་ཝ་རི་པ་གིས་ དུས་འཁོར་དང་རྩ་རླུང་གི་ མན་ངག་ཚུ་གནང་ཡོདཔ་ད་ ནམ་ཅིག་འབདཝ་ད་ ད་རུང་ དག་སྣང་ནང་ འཕགས་པ་ཐུགས་རྗེ་ཆེན་པོ་ སྤྱན་རས་གཟིགས་ཀྱིས་ བོད་ལུ་འགྱོ་དགོ་པའི་ལུང་བསྟན་ གནང་མི་དང་བསྟུན་ སྤྱི་ལོ་༡༤༢༦ དང་༡༤༣༣ དེ་ལས་༡༤༥༣ ཚུ་ནང་ བོད་ལུ་བྱོན་ཏེ་ དུས་འཁོར་གྱི་ ཆོས་འཁོར་བསྐོར་གནང་ནུག།
གྲུབ་ཐོབ་མཆོག་ འབྲུག་དང་ བོད་ལུ་ ལོ་ལེ་ཤ་བཞུགས་པའི་ཤུལ་ལས་ བསྟན་པ་དང་སེམས་ཅན་གྱི་དོན་ལུ་ ནེ་པཱལ་ལུ་ བཞུགས་པའི་རིང་ ཀཱཐ་མཱན་ཌུ་གི་ པིན་ཏུ་བཱ་ཧལ་ཟེར་སར་ སྤྱི་ལོ་༡༤༦༨ ལུ་ དགོངས་པ་རྫོགས་ནུག་ཟེར་ ཞུ་ནི་ཨིན།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ རྒྱལ་ཡོངས་མཁའ་འགྲུལ་ འབྲུག་ཨེ་ཡར་གྱིས་ བཀྲིས་སྒང་ཡོན་ཕུ་ལ་ནང་འཁོད་གནམ་ཐང་ནང་ འཕུར་འགྲུལ་བརྟག་དཔྱད་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ད་ སྤ་རོ་རྒྱལ་སྤྱི་གནམ་ཐང་ལས་ ཡོན་ཕུ་ལ་ཚུན་ གཞུང་འབྲེལ་ཐོག་ལས་ འཕུར་འགྲུལ་འབདཝ་ད་ དུས་ཡུན་སྐར་མ་༤༥ འགོར་དོ་ཡོདཔ་ཨིན་པས། ཡོན་ཕུ་ལའི་ འཕུར་འགྲུལ་ཞབས་ཏོག་ ལོག་འགོ་བཙུགས་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *