བཟའ་སྤྱོད་ཉེན་སྲུང་མེད་མི་དང་ བཟའ་འཐུང་ལས་བརྟེན་པའི་ ནད་རིགས་ཚུ་གི་སྐོར་ སྙན་ཞུ་མ་འབད་བར་ བཞག་མི་གིས་ འཛམ་གླིང་མི་མང་འཕྲོད་བསྟེན་གྱི་ གདོང་ལེན་ཚུ་ ཡར་སེང་འགྱོཝ་ཨིན་པས།

གོ་བསྡུར་ཞལ་འཛོམས་ནང་ བཟའ་སྤྱོད་ཉེན་སྲུང་གི་ ལམ་ལུགས་དགོ་པའི་སྐོར་ གཙོ་བོར་བཏོན་ཡོདཔ།

༉ བཟའ་སྤྱོད་ཉེན་སྲུང་མེད་མི་དང་ སྙན་ཞུ་ནང་མ་ཚུད་མི་ བཟའ་འཐུང་ལས་བརྟེན་པའི་ ནད་རིགས་ཚུ་གིས་ འཛམ་གླིང་མི་མང་འཕྲོད་བསྟེན་གྱི་ གདོང་ལེན་ཚུ་ རྒྱ་ཆེ་དྲགས་སྦེ་ ཡར་འཕར་འགྱོ་བཅུག་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ བཟའ་སྤྱོད་ཉེན་སྲུང་ལམ་ལུགས་དེ་ འགན་ཁུར་སྤྱི་རུབ་ཐོག་ འབག་དགོ་མི་ མི་མང་གསོ་བའི་ལས་དོན་ཚུ་གི་དོན་ལུ་ མེད་ཐབས་མེདཔ་ཅིག་སྦེ་ ངོ་སྤྲོད་འབད་ནི་དང་ འབྲེལ་མཐུན་བཟོ་ཐབས་ལུ་དམིགས་ཏེ་ ཐིམ་ཕུག་ལུ་ ཉིན་གྲངས་༢ ཀྱི་ གོ་བརྡའི་གྲོས་འཛོམས་འགོ་འདྲེན་འཐབ་ཅི།
འཛམ་གླིང་གསོ་བའི་ལས་ཚོགས་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༥ ལུ་ ལྷོ་ཤར་ཨེ་ཤ་ཡ་ལུང་ཕྱོགས་རྐྱངམ་གཅིག་ནང་ སྐྱེས་ལོ་༥ འོག་རྒྱུ་འབད་མི་ ཨ་ལོ་ས་ཡ་༦༠ བརྩིས་ཏེ་ བྱུང་རྐྱེན་ས་ཡ་༡༥༠ དེ་ཅིག་ སྙན་ཞུ་འབད་ནུག།
ནད་གཞི་ཚུ་ཡང་ གཙང་སྦྲ་དང་མ་ལྡན་མི་ འཐུང་ཆུ་གིས་ ལྟོ་འབད་མི་དང་ བཟའ་སྤྱོད་ཐོན་སྐྱེད་དང་ བསགས་མཛོད་ཚུ་ནང་ གཙང་སྦྲ་ལེགས་ཤོམ་མེད་མི་ ཤེས་ཡོན་མེད་མི་དང་ བཟའ་སྤྱོད་ཉེན་སྲུང་གི་ ཁྲིམས་ལུགས་དང་ བསྟར་སྤྱོད་མེད་མི་ཚུ་དང་ འབྲེལ་བ་ཡོདཔ་ཨིན་པས།
སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ སླབ་མིའི་ནང་ སོ་ནམ་ས་ཞིང་མར་བབས་སོང་མིའི་གུ་ མི་རློབས་ཡར་སེང་དང་ ཁྲོམ་ཁར་སྡོད་མི་ དེ་ལས་ ལྟ་བཤལ་པའི་ གྱངས་ཁ་ཡར་འཕར་འགྱོ་མི་ལུ་བརྟེན་ འབྲུག་གིས་ རྒྱལ་ཁབ་ནང་ ཟས་བཅུད་ཀྱི་ དགོས་མཁོ་བསྒྲུབ་ཐབས་ལུ་ ཕྱི་ཁ་ལས་ བཟའ་འཐུང་གི་རིགས་ ནང་འདྲེན་འབད་ནི་ལུ་ གཙོ་བོར་བཏོནམ་ཨིན་ཟེར་ཨིན་པས།
སོ་ནམ་བློན་པོ་གིས་ ནང་འདྲེན་འབད་མི་ གྲ་སྒྲིག་ཡོད་པའི་ བཟའ་ཆས་ཀྱི་འབོར་ཚད་ ཡར་དྲག་འགྱོ་བ་ཅིན་ བཟའ་སྤྱོད་ཉེན་སྲུང་དང་འབྲེལ་བའི་ ཉེན་ཁ་དང་གདོང་ལེན་ཚུ་ ཡར་འཕེལ་འགྱོཝ་ཨིན་ཟེར་བཤད་ཅི།
བློན་པོ་གིས་འབད་བ་ཅིན་ མཐུ་ནརྐྱེན་ལངམ་མེད་མི་དང་ མཁོ་ཆས་ཆ་ཚང་ཡོད་པའི་ བརྟག་དཔྱད་ཁང་དང་ བརྟག་དཔྱད་འབད་མི་ རིག་རྩལ་ཅན་གྱི་ མི་ངོམ་མེད་མི་ དེ་ལས་ བརྟག་དཔྱད་དང་ ངོ་སྦྱོར་ལག་ཁྱེར་བྱིན་ཐངས་ཀྱི་ ལམ་ལུགས་མེད་ནི་དེ་གིས་ འབྲུག་གི་ བཟའ་སྤྱོད་ཉེན་སྲུང་ལམ་ལུགས་ གཞི་བཙུགས་འབད་ནི་གི་ གཙོ་བོར་བཏོན་ནི་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
མ་གཞི་ འབྲུག་སོ་ནམ་དང་བཟའ་ཆས་ཁྲིམས་དོན་དབང་འཛིན་དེ་ བཟའ་སྤྱོད་ཉེན་སྲུང་དང་ སྤུས་ཚད་ཁས་ལེན་གཙུག་སྡེ་ཅིག་ཨིན་རུང་ བློན་པོ་གིས་ བཤད་མིའི་ནང་ དབང་འཛིན་རྐྱངམ་གཅིག་གིས་ རྒྱལ་ཁབ་ཀྱི་ བཟའ་སྤྱོད་ཉེན་སྲུང་གི་ དམིགས་གཏད་དེ་ གྲུབ་མི་ཚུགས་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ བཟའ་སྤྱོད་ཉེན་སྲུང་གི་ དམིགས་གཏད་འགྲུབ་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཆ་མཉམ་གྱི་ རྒྱབ་སྐྱོར་དགོཔ་བཞིན་དུ་ དེ་ནང་ སྲིད་བྱུས་རྩམ་མི་དང་ གཞུང་གི་འགོ་དཔོན་ ཁྲིམས་བསྟར་སྤྱོདཔ་ ཚོང་རྐྱབ་མི་དང་ བཟོ་མི་ སོ་ནམ་པ་དང་ ཉོ་མི་ཚུ་གི་བར་ན་ མོས་མཐུན་གྱི་ འབད་རྩོལ་དགོ་ཟེར་ཨིན་པས།
ཨཱསི་ཊེ་ལི་ཡ་དང་ ནིའུ་ཟི་ལེནཌ་གི་ བཟའ་སྤྱོད་གནས་ཚད་ཀྱི་ བཟའ་སྤྱོད་ཉེན་སྲུང་འགོ་དཔོན་ མའི་ཀཱལ་ རོ་བཱརཊི་སཱན་གྱིས་ སླབ་མིའི་ནང་ བཟའ་སྤྱོད་ཉེན་སྲུང་གི་ ལམ་ལུགས་སྒྲིང་སྒྲི་བཟོ་དགོ་པ་ཅིན་ འགོ་ཁྲིདཔ་སྒྲིང་སྒྲི་དང་ འགན་ལེན་ཅན་གྱི་ འཛིན་སྐྱོང་པ་ དེ་ལས་ དམ་ཚིག་ཅན་གྱི་ མི་ངོ་རྐྱང་ཚུ་དགོ་ཟེར་ཨིན་པས།
འབྲུག་ལུ་ བཟའ་སྤྱོད་ལས་བརྟེན་པའི་ ནད་རིགས་ཐོབ་པའི་སྐོར་ལས་ ཐོ་བཀོད་འབད་འབདཝ་མེད་རུང་ རྒྱལ་ཁབ་ནང་ ཕྲ་འབུབ་དང་འབྲེལ་བའི་ ནད་རིགས་ཚུ་ ཡར་འཕར་འགྱོ་དོ་ཡོདཔ་ཨིན་པས།
ནད་རིགས་དར་ཁྱབ་འགྱོཝ་ད་ བརྟག་དཔྱད་ཀྱི་དོན་ལུ་ རྒྱལ་ཁབ་ཕྱི་ཁར་བཏང་དོ་ཡོདཔ་ད་ བཟའ་སྤྱོད་ཉེན་སྲུང་དེ་ ཡུན་བརྟན་གོང་འཕེལ་དམིགས་དོན་གྱི་ ཡན་ལག་གཙོ་ཅན་ཅིག་ཨིན་པས།
གོ་བརྡའི་གྲོས་འཛོམས་དེ་ འབྲུག་སོ་ནམ་དང་བཟའ་ཆས་ཁྲིམས་དོན་དབང་འཛིན་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ནང་ གཞུང་གི་འགོ་དཔོན་དང་ བཟའ་སྤྱོད་ཚོང་པ་ འབྲེལ་ཡོད་ལས་སྡེ་ཚུ་ནང་ལས་ མི་༥༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *