ཁ་ཙ་ མི་མང་ལུ་ གུ་རུའི་མཐོང་གྲོལ་གྱི་ མཇལ་ཁ་གནང་པའི་བསྒང་།

གུ་རུའི་མཐོང་གྲོལ་གྱི་ མཇལ་ཁ་གནང་སྟེ་ མོང་སྒར་ཚེས་བཅུ་ མཇུག་བསྡུ་ཡོདཔ།

༉ ད་རེས་ནངས་པར་ མོང་སྒར་ཁྲོམ་གྱི་ས་ཁོངས་ནང་ གློག་བརྙན་སྟོན་མི་ཚུ་གིས་ གློག་བརྙན་ནང་ཡོད་པའི་ སྙན་ཆས་ཀྱི་རིགས་ཚུ་ དཀྲོགས་པའི་ཁར་ མི་མང་རྩེད་ཐང་ནང་ ཆུ་ཤོག་གི་གུར་ཚུ་སྤུབས་ཏེ་ མང་ཤོས་བཀབ་གོ་ལ་དང་ ཟ་ཁང་ ཨ་ལོའི་རྩེད་ཆས་ ཨ་ལོའི་རྩེདམོ་གི་རིགས་ ཁུ་རུའི་རྩེདམོ་ ད་ལས་ ཤོ་ཏ་སི་ཚུ་རྩེད་དེ་ སྤྲོ་བ་སྟོན་སྡོད་སར་མཐོང་མི་དེ་ཡང་ མོང་སྒར་གྱི་ ལོ་བསྟར་ཚེས་བཅུ་ འགོ་བཙུགས་ཡོད་ནི་དེ་གིས་ཨིན་པས།
མོང་སྒར་ལུ་འབད་བ་ཅིན་ ཚེས་བཅུའི་སྐུ་འཆམ་ཚུ་ རྫོང་གི་ཀུན་ར་ནང་ མཇལ་ཁ་གནང་ཡོདཔ་ཨིན་རུང་ ཚོང་ཁང་དང་ སྤྲོ་སྟོན་ལས་རིམ་ཚུ་གི་དོན་ལུ་ ས་ཚན་༡༥༠ ལྷགཔ་ཅིག་ མི་མང་རྩེད་ཐང་ནང་ བགོ་བཀྲམ་འབད་ཡོདཔ་ད་ ཚེས་བཅུ་མཇལ་བར་འོང་མི་ཚུ་གིས་ སྐུ་འཆམ་མཇལ་ཞིནམ་ལས་ ཕྱི་རུ་ ཚོང་ཁང་ཚུ་ནང་བཤལ་ཏེ་ ཉོ་ཚོང་རྐྱབ་ནི་དང་ རྩེདམོ་ཚུ་རྩེད་ནི་ལུ་ སྤྲོ་བ་བསྐྱེད་སར་མཐོངམ་ཨིན་པས།
དེ་དང་གཅིག་ཁར་ མོང་སྒར་སྐྱེངས་མཁར་ལས་ཐོན་མི་ ཆང་གི་པ་ལང་དང་ མོང་སྒར་ཁེངས་སི་ལམ་སྦིས་ལས་ཐོན་མི་ སྦང་ཅུང་དང་ ཚར་བཟོའི་རིགས་ཚུ་ཡང་ ཡོདཔ་ཨིན་པས།
ཚོང་བཙོང་མི་ཚུ་ཡང་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ རྩི་རང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ བུམ་ཐང་ བཀྲིས་སྒང་ དེ་ལས་ ས་གནས་ཀྱི་མི་ཚུ་ཡོདཔ་ད་ ཚོང་པ་ཚུ་གིས་ སླབ་མིའི་ནང་ ཚོང་ཉོ་མི་ཚུ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ མར་བབས་སོང་སྟེ་ཡོད་ཟེར་ ཨིན་པས།
རྩི་རང་ལས་ ཚོང་བཙོང་པར་འོང་མི་ ཚེ་རིང་ལྷ་མོ་གིས་ སླབ་མིའི་ནང་ མོང་སྒར་ལུ་ འདས་པའི་ལོ་ཚུ་ནང་ ཚོང་ལེགས་ཤོམ་སྦེ་ བཙོང་ཚུགས་མི་དེ་ ན་ཧིང་ལས་ མར་བབས་སོང་ཡི་ཟེར་ཨིནམ་ད་ དུས་ཅི་ ན་ཧིང་བཟུམ་ཅིག་ཡང་མེདཔ་ལས་ ཁེ་སང་ག་དེ་སྦེ་བཟོ་ཚུགས་གའི་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
ཚེས་བཅུ་ཉིནམ་༢ པའི་ནང་ ལས་རིམ་གཙོ་བོ་ རཀྴ་དམངས་འཆམ་གྱིས་གཙོས་པའི་ གཏུམ་རྔམ་དང་ དུར་བདག་ ཕོ་ལེགས་མོ་ལེགས་ཚུ་ དད་ཅན་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ མཇལ་ཁ་གནང་ཐོག་ལས་ མཇུག་བསྡུ་ཡི།
ཁ་ཙ་ ཚེས་བཅུ་ཉིནམ་༣ པའི་ནང་ དྲོ་པ་གུ་རུའི་མཐོང་གྲོལ་དང་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་ཚུ་ མི་མང་ལུ་ མཇལ་ཁ་གནང་ཐོག་ལས་ མཇུག་བསྡུ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *