པདྨ་འོད་འབར་ལྷ་ཁང་།

གུ་རུ་གིས་ བྱིན་གྱི་རླབས་པའི་ གནས་ཁྱད་པར་ཅན་ཡོད་རུང་ མི་ཚུ་ལུ་ ཤེས་གསལ་མེདཔ།

༉ ལྷུན་རྩེ་སྨན་སྦིས་རྒེད་འོག་ སྒྲོལ་མ་གཞོང་གཡུས་ཚན་ནང་ ཨོ་རྒྱན་གུ་རུ་གིས་ བྱིན་གྱི་བརླབས་གནང་པའི་ གནས་ ཡ་མཚན་ཆེ་ཏོག་ཏོ་ཡོད་རུང་ མི་ཚུ་གིས་ ཤེས་རྟོགས་མེདཔ་ལས་ མཇལ་བར་འོང་མི་ རེ་གཉིས་མ་གཏོགས་མེདཔ་ཨིན་པས།
གནས་དེ་ཡང་ ལྷུན་རྩེ་གཞུང་ལམ་ལས་ སྟག་སྐད་ལ་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་འདྲ་ཁ་ཐུག་ལུ་ གྱེན་འཛེགས་ཏེ་ ཀི་ལོ་མི་ཊར་༣ དེ་ཅིག་ སྣུམ་འཁོར་ནང་འགྱོཝ་ད་ སྒྲོལ་མ་གཞོང་གཡུས་ཚན་གྱི་ གཡས་ཁ་ཐུག་གི་ བྱག་ཅིག་གུ་ གུ་རུ་རིན་པོ་ཆེའི་ ཕྱག་འཁར་ ཙན་དན་ཤིང་དང་ ལྷ་ཁང་ ཡ་མཚན་ཅན་སྦེ་ མཇལ་ཚུགསཔ་ཨིན་པས།
ལྷ་ཁང་ནང་ རྡོ་རང་བྱོན་གུ་ གུ་རུ་རིན་པོ་ཆེའི་སྐུ་རྗེས་དང་ ཞབས་རྗེས་ཚུ་ གསལ་རི་རི་སྦེ་ མཇལ་ཚུགསཔ་མ་ཚད་ ལྷ་ཁང་གི་ གཡས་ཁ་ཐུག་ ཙན་དན་ཤིང་དང་ སྒྲུབ་ཆུ་ དེ་ལས་ གནས་གཞན་ཡང་ ལེ་ཤ་ཅིག་ར་ མཇལ་ཚུགས་པས།
དྲོ་པ་དང་ ཕྱི་རུ་ ཕྱག་དང་མཆོད་པ་ བསངས་ དེ་ལས་ གསོལ་ཁ་ཚུ་ མ་ཆད་པར་ཕུལ་ནི་དང་ དད་ཅན་མི་སེར་ཚུ་ ནང་རྟེན་མཇལ་བར་འོངམ་ད་ འཛིན་སྐྱོང་འབད་ནིའི་དོན་ལུ་ དཀོན་གཉེར་ཅིག་ཡང་ བཙུགས་ཡོདཔ་ཨིན་པས།
སྐྱེས་ལོ་༤༠ ལང་མི་ དཀོན་གཉེར་ སངས་རྒྱས་ཆོས་འཕེལ་གྱིས་ སླབ་མིའི་ནང་ ཁོ་གིས་ ཞི་གཡོག་ནང་ ལོ་༡༠ ཕྱག་ཞུ་བའི་ཤུལ་ལུ་ དགོངས་ཞུ་འབད་དེ་ ད་རེས་ ལྷ་ཁང་གི་ བདག་འཛིན་པ་སྦེ་ འགན་འཁྲི་འབག་སྟེ་ ཡོད་ཟེར་ཨིན་པས།
དཀོན་གཉེར་གྱིས་ གུ་རུའི་གནས་ཨིན་མི་དེ་ཡང་ དུས་རབས་༨ པའི་ནང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ བོད་རྒྱལ་ཁབ་ནང་ སངས་རྒྱས་ཀྱི་བསྟན་པ་ གཞི་བཙུགས་མཛད་པའི་སྐབས་ བསྟན་པ་ལུ་ ཐོ་འཚམས་པའི་ བདུད་དང་ འདྲེ་སྲིན་ཚུ་ དམ་ལུ་བཏགས་གནང་སྟེ་ བཞུགས་པའི་སྐབས་ སྲིནམོ་ཅིག་ བོད་ལས་ ལྷོ་ཕྱོགས་འབྲུག་ཡུལ་ ཁ་ཐུག་ལུ་ འབྱོག་འོང་ནུག་ཟེར་ཨིན་པས།
སྲིནམོ་དེ་ སེང་གེ་རྫོང་ལས་མར་འབྱོག་འོངམ་ད་ གུ་རུ་གིས་ རྟིང་བདའ་སྟེ་ སྨིན་སྦིས་རྒེད་འོག་ སྒྲོལ་མ་གཞོང་ལུ་ ཕེབས་ནུག།

གུ་རུའི་ཕྱག་འཁར།

སྲིནམོ་དེ་གིས་ བུམོ་འཇའ་རིངམོ་ཅིག་ལུ་སྤྲུལ་ཏེ་ ཕམ་དང་ སྤུན་ཆ་ཚུ་མེད་པའི་ བུམོ་གཅིག་གི་ ཁྱིམ་ནང་ འཛུལ་ཞིནམ་ལས་ བུམོ་དེ་ལུ་ ང་གཡིབ་སྡོད་དགོ་པས་ ང་འཚོལ་བར་ སྒོམ་ཆེན་ཅིག་ འཐོན་འོང་ ཁྱོད་ཀྱིས་ ང་ནཱ་ཡོད་ཟེར་ མ་སླབ་སྨ་རེད་ཟེར་སླབ་ཏེ་ སྡོད་ནུག།
ཡུདཔ་ཅིག་ལས་ སྒོམ་ཆེན་ལྷོད་དེ་ བུམོ་འདི་ལུ་ དྲི་དཔྱད་འབད་ཞིནམ་ལས་ འདི་མི་མེན་པར་ སྲིནམོ་ཨིན་ཟེར་ སླབ་ད་ བུམོ་གིས་ ཕྲང་མ་སླབ་རུང་ འདྲོགས་པའི་ཤུགས་ཀྱིས་ ཁྱིམ་ཐོག་ཁ་ བལྟ་དགོཔ་ཐོན་ནུག།
གུ་རུ་གིས་ ཁྱིམ་ཐོག་ཁར་བྱོན་ཏེ་ སྲིན་མོའི་སྐྱའི་རལཔ་གུ་བཤེད་སྦེ་ འཁྱིད་འོངམ་ད་ སྲིནམོ་དེ་ རོ་ཁྱི་ལུ་གྱུར་ཡོདཔ་ལས་ དེ་ཁ་ར་ དམ་ལུ་བཏགས་གནང་ཞིནམ་ལས་ ལྷུན་རྩེ་ཁྲོམ་ཁར་ མ་ལྷོདཔ་ཅིག་གི་ ས་གནས་ སུམ་པ་ཟེར་ས་ གཞུང་ལམ་ལྟག་ལུ་ སྲིནམོ་དམ་ལུ་བཏགས་པའི་ མཆོད་རྟེན་ཅིག་ གུ་རུ་རིན་པོ་ཆེ་གིས་ བཞེངས་གནང་ཡོདཔ་ཨིན་པས།
དེ་ལས་ ཨོ་རྒྱན་གུ་རུ་ བུམ་ཐང་ལུ་ བྱོན་ནི་འབདཝ་ད་ སྒྲོལ་མ་གཞོང་ལུ་ཡོད་པའི་ མཚོ་སྨན་དང་ གནས་བདག་ གཞི་བདག་ཚུ་གིས་ བར་ཆད་རྐྱབ་ཡོདཔ་མ་ཚད་ མི་སྟོང་ཕྲག་ལས་བཅད་ ཟ་སྟེ་ རབ་ཆད་ནི་གུ་ལྷོད་ཡོདཔ་ལས་ དམ་བཏགས་ནིའི་དོན་ལུ་ ད་ལྟོ་ མཇལ་ནི་ཡོད་མི་ བྱག་ཕུག་ནང་ ཡི་དམ་ཕུར་པ་བསྒོམ་བཞུགས་ནུག།
མཚོ་སྨན་གྱིས་ སྦུལ་ལུ་སྤྲུལ་ ཁ་ལས་མེ་འབར་ཏེ་ གུ་རུ་ལུ་ གནོདཔ་བཀལ་བར་འོངམ་ད་ གུ་རུ་གིས་ རྡོ་རྗེ་འཐུ་བཀོཝ་ད་ སྦུལ་གྱི་མགུ་ཏོ་གུ་ཕོག་སྟེ་ མགུ་འཐོམ་སྡོད་པའི་ཤུལ་ལུ་ རྡོའི་ནང་འཐིམས་སོཔ་ཨིན་པས།

གུ་རུའི་སྐུ་རྗེ།

གུ་རུ་རིན་པོ་ཆེ་གིས་ བོད་ལས་བསྣམས་བྱོན་མི་ ཕྱག་འཁར་དེ་ རྡོ་གི་རྩ་བར་བརྡབས་ བསྐལ་པ་མ་སྟོང་གི་བར་དུ་ འཐོན་ནི་མེདཔ་སྦེ་ ཁ་གནོན་མཛད་བཞག་ཡོད་མི་དེ་ ད་ལྟོ་ མོ་མཚན་སྦེ་ མཇལ་ནི་ཡོདཔ་མ་ཚད་ ཙན་དན་ཤིང་ཡང་ མཇལ་ནི་འདུག།
གུ་རུའི་བྱག་ཕུག་ནང་ ཞབས་རྗེས་མཇལ་ནི་ཡོད་མི་དེ་ ངེ་གི་བཀའ་དང་དམ་ལུ་ མ་ཉན་པ་ཅིན་ དེ་སྦེ་དམ་ བཏགས་ནི་ཟེར་བའི་ ངོར་བཞག་གནང་ཡོདཔ་ད་ བདུན་ཕྲག་ཅིག་གི་རིང་ གུ་རུ་ཐུགས་དམ་ལུ་བཞུགས་པའི་སྐབས་ གསོལཝ་གླུ་མོ་དཀར་མོ་གིས་ དྲང་ཡོདཔ་ཨིན་པས།
གཡུས་ཚན་ནང་ བྱིན་གྱིས་བརླབས་པའི་ཤུལ་ ལོག་མ་བྱོན་པའི་ཧེ་མར་ གུ་རུ་དང་ མཁའ་འགྲོ་མ་༢ གཙོས་ མ་འོངས་པའི་ སེམས་ཅན་ཚུ་གི་དོན་ལུ་ རི་སྟོང་གནམ་སྟོང་ལས་ གྲུབ་ཆུ་བཏོན་གནང་མི་དེ་ མ་ཉམས་པར་ མཇལ་ནི་འདུག།
དེ་བཟུམ་སྦེ་ གུ་རུ་རིན་པོ་ཆེའི་ དབུ་ཞྭ་བརྒྱ་དང་རྩ་བརྒྱད་ རྡོ་གུ་གཏེར་ལུ་སྦ་བཞག་མི་དང་ དཀར་གཏོར་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ གསང་ཆབ་གནང་མིའི་རྡོ་ སྨན་སྒྲུབ་ གཏེར་སྒྲོམ་ ཨམ་སྲུའི་རྒྱན་ཆས་ཀྱི་གཏེར་སྒྲོམ་ རྡོ་ནང་གཏེར་ལུ་ སྦ་བཞག་མི་ཚུ་ མཇལ་ནི་ཡོད།
དཀོན་གཉེར་སངས་རྒྱས་ཆོས་འཕེལ་གྱིས་ སླབ་མིའི་ནང་ སྔོན་དང་ཕུ་འབད་བ་ཅིན་ ད་རེས་བཟུམ་སྦེ་ ལྷ་ཁང་ སྦོམ་མེད་རུང་ ཡོན་ཁྱབ་ཕུལ་ནིའི་དོན་ལུ་ སྦ་སྒོར་བཟོ་བཞག་མི་དེ་ ཤུལ་ལས་ སྒྲོལ་མ་གཞོང་གི་ མི་སེར་དང་ དད་ཅན་ཚུ་གིས་ ལྷ་ཁང་གསར་བཞེངས་འབད་ནུག་ཟེར་ཨིན་པས།
པདྨ་འོད་འབར་ལྷ་ཁང་དེ་ ས་གནས་ཀྱི་ གཡུས་ཚན་གྱིས་ བདག་འཛིན་འབད་མ་ཚུགས་མི་ལུ་བརྟེན་ སྟག་སྐད་ལ་ ཞིང་གཤེགས་ མཁན་ཆེན་དཀར་པོ་ལུ་ཕུལ་ཡོདཔ་ད་ མཁན་ཆེན་གྱིས་ རྩིས་བཞེས་གནང་སྟེ་ ལྷ་ཁང་གི་ སྦོ་ལོགས་ཁར་ ཨ་ཎེམ་གྲྭ་ཚང་གི་དོན་ལུ་ ཐོག་༢ འབད་མི་ ཁྱིམ་དང་ བླམ་དང་ སློབ་དཔོན་བཞུགས་ཁང་ཚུ་ བཞེངས་ཡོདཔ་ཨིན་པས།
མཁན་ཆེན་གྱིས་ རྒྱབ་སྐྱོར་ཐོག་ལས་ ལྷ་ཁང་གསར་བཞེངས་འབདཝ་མ་ཚད་ དུས་རྒྱུན་གསོལ་ཁ་དང་ ཕྱག་མཆོད་པ་ཕུལ་ནིའི་དོན་ལུ་ དཀོན་གཉེར་ཡང་ བཙུགས་གནང་ཡོདཔ་ཨིན་པས།

གུ་རུའི་ཞབས་རྗེ།

ལྷ་ཁང་དང་ གནས་དེ་ ཁྱད་དུ་འཕགས་པའི་ རྩ་ཅན་དང་ བྱིན་ཅན་ཅིག་འབད་རུང་ མཇལ་བར་འོང་མི་ མི་རེ་གཉིས་མ་གཏོགས་ མིན་འདུག་ཟེར་ དཀོན་གཉེར་གྱིས་ བཤདཔ་ཨིན་པས།
སྨན་སྦིས་རྒེད་འོག་དམངས་མི་ བེད་སྐྱིད་དཔལ་འཛོམས་ཀྱིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ རྫོང་ཁག་སྲོལ་འཛིན་སྡེ་ཚན་དང་ གྲོས་བསྟུན་འབད་དེ་ ལྷུན་རྩེ་རྫོང་ཁག་ནང་ཡོད་པའི་ གནས་ཚུ་གི་སྐོར་ལས་ ཞིབ་ འཚོལ་འབད་དེ་ གནས་བཤད་ལམ་སྟོན་དཔེ་དེབ་ཅིག་ གསར་བཏོན་འབད་ཞིནམ་ལས་ འབྲུག་མི་དང་ ཕྱིའི་བལྟ་བཤལཔ་ཚུ་གིས་ ས་གནས་ཁར་འོང་ནིའི་ རེ་བ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༨༠ ལང་མི་ ཨང་རྒས་ལྟའུ་མོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ལུང་པའི་མི་སེར་ཚུ་གིས་ བདག་འཛིན་འཐབ་ཡོདཔ་བཞིན་དུ་ ཚོགས་བསགས་སྒྲིབ་སྦྱང་གི་དོན་ལུ་ ཞབས་ཏོག་ཞུ་ཡི་ཟེར་ཨིན་པས།
མོ་ར་ ནཝ་ཚཝ་མེད་པར་ དགའ་ཏོག་ཏོ་སྦེ་ སྡོད་ཚུགས་མི་དེ་ གུ་རུ་རིན་པོ་ཆེའི་ ཐུགས་རྗེ་བྱིན་རླབས་ལུ་ བརྟེན་ཨིནམ་ལས་ ཉིནམ་རེ་ཆད་མེད་པར་ ལྷ་ཁང་དང་ གནས་ཚུ་སྐོར་རྐྱབ་སྟེ་ ཕྱག་འཚལ་ སྨོན་ལམ་ བཏབ་དོ་ཟེར་ཨིན་པས།
གཞན་ཡང་ གནས་དེ་གི་གདོང་ཕྱོགས་ལུ་ གུ་རུ་རིན་པོ་ཆེའི་ཞབས་རྗེས་དང་ མཁའ་འགྲོམ་ཚུ་གི་ ཞབས་རྗེས་ཚུ་ཡང་ མཇལ་ནི་ཡོད་པའི་གནས་ཚུལ།

སྒྲོལ་མ་གཞོང་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

འཆམ་རྐྱབ་མི་ གྲོང་གསེབ་མི་སེར་མེད་རུང་ སློབ་ཕྲུག་ཚུ་གིས་ འགན་ཁུར་འབག་ཡོདཔ།

༉ གནམ་དགུན་གྱི་སྐབས་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་གི་ སློབ་ཕྲུག་མང་ཤོས་ར་ རང་སོའི་ཕམ་ཚུ་དང་གཅིག་ཁར་ སྡོདཔ་མ་ཚད་ ལ་ལོ་ཅིག་ ས་གནས་སོ་སོའི་ནང་སྡོད་མི་ སྤུན་ཆ་དང་ ཉེ་ཚན་ཚུ་དང་ཕྱད་པར་ འགྱོ་དོ་ཡོདཔ་ཨིན་རུང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ མཐའ་ཟུར་གཡུས་ཚན་ཅིག་ནང་ སློབ་ཕྲུག་ཚུ་ …

Leave a Reply

Your email address will not be published. Required fields are marked *