༉ གུ་རམ་གྱི་ནད་གཞི་ བཟའ་ཚང་ཉེན་སྲུང་ཟེར་བའི་ བརྗོད་དོན་ཐོག་ལས་ སྤྱི་ཟླ་༡༡ པའི་ཚེས་༡༤ ལུ་ འཛམ་གླིང་གུ་རམ་ནད་གཞིའི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ རྩི་རང་སྟོད་རྒེད་འོག་གི་ མཐའ་ཟུར་གཡུས་ཚན་ཚུ་ནང་ལས་ མི་༡༨༧ གྱིས་ ནད་གཞི་དེ་གི་དོན་ལུ ཞིབ་དཔྱད་འབད་ཡོདཔ་ཨིན་པས།
ཉིནམ་དེ་དང་འབྲེལ་ ནད་གཞི་དེའི་སྐོར་ལས་ གོ་བརྡ་སྤྲོད་ཐབས་ལུ་ གསོ་བའི་ལས་བྱེདཔ་༤ གིས་ རྩི་རང་སྟོད་རྒེད་འོག་ནང་ སོང་ཡོདཔ་ད་ རྫོང་ཁག་གི་ ཟས་བཅུད་མཁས་མཆོག་གོངམ་ ལྷམ་རྡོ་རྗེ་གིས་ མི་ལུ་ ཅི་ནིའི་ཚད་གཞི་ མཐོ་དྲགས་སྦེ་ཡོད་པ་ཅིན་ ག་ལུ་ཡང་ ནད་གཞི་དེ་ འཐོབ་སྲིད་ཟེར་ བཤད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སྡེ་ནང་ ནད་གཞི་ཐོབ་མིའི་གྱངས་ཁ་ འགྲོས་ཀྱིས་སྦེ་ ཡར་སེང་སོང་སྟེ་ཡོད་ཟེར་ཨིནམ་ད་ ད་རེས་ རྫོང་ཁག་ནང་ གུ་རམ་གྱི་ ནད་ཐོབ་མི་༡,༠༠༢ ལས་༥༠༨ རྫོང་ཁག་སྨན་ཁང་ནང་ ཐོ་བཀོད་འབད་དེ་ཡོད་ཟེར་ཨིན་པས།
ནད་གཞི་ཐོབ་མི་ལས་༢༥༥ དེ་ ཨམ་སྲུ་དང་ གཞན་ཚུ་ཕོ་སྐྱེས་ཡོདཔ་ད་ རྩི་རང་སྟོད་ལུ་ མི་རློབས་༢,༠༠༠ དེ་ཅིག་ཡོད་ས་ལས་ རྫོང་ཁག་སྨན་ཁང་གི་ ཐོ་བཀོད་དང་འཁྲིལཝ་ད་ རྒེད་འོག་དེ་ནང་ལས་ མི་༡༥ ལུ་ ནད་གཞི་དེ་ཡོད་པའི་ ངོས་འཛིན་འབད་ནུག་ཟེར་ཨིན་པས།
ལོ་ངོ་དག་པ་ཅིག་གི་ཧེ་མར་ དཀྱིལ་འཁོར་ཐང་རྒེད་འོག་ནང་ ནད་གཞི་དེ་གི་ བརྟག་དཔྱད་འབད་བའི་ཤུལ་ལས་ ནད་ཐོབ་མིའི་གྱངས་ཁ་ ཡར་སེང་སོང་སྟེ་འདུག་ཟེར་ཨིན་པས།
གུ་རམ་གྱི་ནད་དེ་ ངོ་མ་ར་ བཅུད་མེད་པའི་ ཟས་རིགས་ཚུ་ སྤྱོད་མི་ལས་ ཐོབ་དོ་ཡོདཔ་ད་ རྒྱུ་རྐྱེན་གཞན་དེ་ ལུས་སྦྱོང་མ་འབད་མི་དང་ གཟུགས་ཁམས་འཕྲོད་བསྟེན་ ལེགས་ཤོམ་སྦེ་ བརྟག་དཔྱད་མ་འབད་མི་ལུ་བརྟེན་ ཐོབ་ཨིན་ཟེར་ཨིན་པས།
ལྷམ་རྡོ་རྗེ་གིས སླབ་མིའི་ནང་ ཐོ་བཀོད་འབད་མི་ ནདཔ་ཚུ་ལས་ མང་ཤོས་ར་ སོ་ནམ་པ་དང་ ནང་གི་ཨམ་ཚུ་འདུག་ཟེར་ཨིནམ་ད་ དེ་ཡང་ ཁོང་ལུ་ ནད་གཞི་དེའི་སྐོར་ལས་ བརྡ་དོན་མེད་མི་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ཨིན་པས།
ནད་ཐོབ་མི་ཚུ་གིས་ རང་གིས་ བདག་འཛིན་འབད་མི་ཚུགས་དོ་ཡོདཔ་ལས་ གསོ་བའི་ལས་བྱེདཔ་དང་ ནང་མི་བཟའ་ཚང་ཚུ་ལས་ གྲོགས་རམ་དགོ་ཟེར་ཨིནམ་ད་ ནང་མི་ཚུ་གིས་ བདག་འཛིན་འཐབ་ནི་དང་ འཛིན་སྐྱོང་འབད་ནི་ དེ་ལས་ བཀག་ཐབས་དང་ ནད་གཞི་དེའི་སྐོར་ལས་ ཤེས་དགོ་ཟེར་ ཁོ་གིས་ ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་ པདྨ་དབང་མོ་གིས་ སླབ་མིའི་ནང་ གུ་རམ་གྱི་ ནད་གཞི་དེ་ ཅི་ནི་མང་སུ་སྤྱོད་མི་དང་འབྲེལ་བ་ཡོད་རུང་ ནད་གཞི་དེ་ གནས་སྟངས་གཞན་གྱི་ཐོག་ལས་ཡང་ ཐོབ་སྲིད་པས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མི་མང་ཤོས་ལུ་ ནད་གཞི་མ་ཐོབ་མི་ལུ་བལྟ་སྟེ་ ཧ་ལས་དགོཔ་ བྱུང་མི་དེ་ཡང་ ལུས་སྦྱོང་མང་སུ་འབད་མི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་དང་འཁྲིལཝ་ད་ གུ་རམ་ནད་གཞི་དེ་ འོང་འབབ་ཉུང་སུ་དང་ བར་མའི་རྒྱབ་ཁབ་ནང་ ཡོངས་གྲགས་འདུག་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༦ གི་ གནས་སྡུད་དང་འཁྲིལ་བ་ཅིན་ གུ་རམ་ནད་དེ་ ཤི་རྐྱེན་བྱུང་མིའི་ ནད་གཞི་ཨང་༧ པ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ བཀྲིས་བསྟན་འཛིན།