གསོ་བའི་བློན་པོ་ བདེ་ཆེན་དབང་མོ།

གསོ་བའི་ཞབས་ཏོག་དང་ གསོ་བའི་ལམ་ལུགས་ཚུ་ ཡར་དྲག་གཏང་ནིའི་ལུ་ ཐེ་ཚོམ་མེདཔ།

༉ མི་མང་གསོ་བའི་འཕྲོད་བསྟེན་ནང་ ཉམས་མྱོང་ཡོད་མི་ གསོ་བའི་བློན་པོ་གསརཔ་ བདེ་ཆེན་དབང་མོ་གིས་ གསོ་བའི་ཞབས་ཏོག་དང་ གསོ་བའི་ལམ་ལུགས་ཚུ་ ཡར་དྲག་གཏང་ནིའི་ལུ་ ཐེ་ཚོམ་ག་ནི་ཡང་ མེདཔ་ཨིན་པས།
སྐྱེས་ལོ་༤༢ ལང་མི་ གསོ་བའི་བློན་པོ་དེ་ ཨ་ལོ་༡ གི་ཨའི་ཨིནམ་ད་ མོ་ལུ་གསོ་བའི་འཕྲོད་བསྟེན་གྱི་ ཤེས་ཡོན་ཡོད་པའི་ཁར་ མོ་གིས་ རྒྱལ་ཁབ་ཀྱི་གསོ་བའི་ལམ་ལུགས་ཚུ་ ཧིང་སངས་ས་སྦེ་ར་ ཧ་གོ་དོ་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་ནང་ ཉིནམ་དང་པ་ལས་ར་ ཕྱག་ཞུ་ནི་ལུ་ ཐེ་ཚོམ་ག་ནི་ཡང་མེད་ཟེར་ མོ་གིས་བཤད་པའི་ཁར་ མོ་ར་ གསོ་བའི་ལྷན་ཁག་ནང་ སྡོད་དགོ་མི་དེ་ གསོ་བའི་འཕྲོད་བསྟེན་ལུ་ སྙིང་རུས་ཀྱི་ཐོག་ལས་ ལཱ་འབད་ཚུགས་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ མི་རློབས་གངམ་མེདཔ་ལས་བརྟེན་ མི་མང་གི་གསོ་བའི་འཕྲོད་བསྟེན་དོན་ལུ་ ལཱ་འབད་ཚུགསཔ་ ལེ་ཤ་འདུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་ར་ ཞི་གཡོགཔ་སྦེ་སྡོད་པའི་སྐབས་ལུ་ གསོ་བའི་ལྷན་ཁག་གི་མཁས་ཆོག་ཚུ་དང་ རྒྱལ་ཁབ་༨ དེ་ཅིག་གི་ གཞུང་དང་གཅིག་ཁར་ ལཱ་འབད་བའི་ཉམས་མྱོང་ཡོདཔ་ལས་ གསོ་བའི་ལྷན་ཁག་གི་ འགན་ཁུར་འབག་ནིའི་ལུ་ ཐེ་ཚོམ་ག་ནི་ཡང་ མེད་ཟེར་ཨིན་པས།
བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ སླབ་མིའི་ནང་ བདེ་ཆེན་དབང་མོ་དེ་ མི་མང་གསོ་བའི་སྲིད་བྱུས་ ཡང་དག་བཟོ་མི་ཅིག་ཨིནམ་ད་ གསོ་བའི་འཕྲོད་བསྟེན་གྱི་སྐོར་ལས་ཤེས་མི་ མོ་ལས་ལྷག་སྟེ་ ག་ཡང་མི་འོང་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་ར་ལྷན་ཁག་ནང་ འཛུལ་ཞིནམ་ལས་ ལྷན་ཁག་གི་ཞི་གཡོགཔ་ཚུ་དང་འཕྱད་དེ་ ག་ར་ལས་ ལམ་སྟོན་ལེན་འོང་ཟེར་ཨིནམ་ད་ ཞི་གཡོགཔ་ག་ར་ ངོ་ཤེས་ནི་དེ་ ཁག་ཆེ་བས་ཟེར་ཨིན་པས།
ངོ་ཤེས་མི་ཚུ་གིས་ མོ་ལུ་ བརྩེ་སེམས་ཅན་གྱི་མི་ཅིག་སྦེ་ སླབ་དོ་ཡོདཔ་ཨིན་པས།
ལྷན་ཁག་ནང་ ལཱ་འབད་ནི་དེ་ གདོང་ལེན་ཅན་ཅིག་ཨིན་ཟེར་ མོ་གིས་བཤད་པའི་ཁར་ ལྷན་ཁག་ལུ་ བློ་གཏད་བསྐྱེད་མི་དང་ རྒྱལ་ཁབ་ནང་ གཞན་དང་མ་འདྲ་བའི་གསོ་བའི་ཞབས་ཏོག་ རིན་མེད་སྟོང་པར་ཐོབ་པའི་ ལམ་ལུགས་ཡོདཔ་ལས་ ལྷན་ཁག་ལུ་དམིགས་ཡུལ་སྦོམ་ཅིག་ འགྲུབ་འོང་ཟེར་བའི་ རེ་བ་ཡོད་ཟེར་ཨིན་པས།
མོ་རའི་ཨ་པ་ པདྨ་ཚེ་རིང་གིས་ སླབ་མིའི་ནང་ ལཱ་ག་ཅི་ར་འབད་རུང་ བརྩོན་འགྲུས་བསྐྱེད་དེ་འབད་མི་ཅིག་ཨིན་ཟེར་ཨིནམ་ད་ ཆུང་ཀུ་བསྒང་ལས་ར་ གྲོགས་རམ་འབད་མི་ བུམོ་ཅིག་ཨིན་ཟེར་ སླབ་ཡོདཔ་ད་ སྤུན་ཆ་༥ འི་གྲས་ལས་ སྤུན་ཆ་སྦོམ་ཤོས་ཅིག་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ མོ་གི་ཨ་པ་དེ་ མོ་ར་བློན་པོ་ཐོབ་ནི་དེ་གིས་ ངལ་རངས་དང་ དཔའ་ཉམས་བསྐྱེད་དེ་ཡོད་ཟེར་ཨིན་པས།
རྒྱལ་ཁབ་ནང་ གསོ་བའི་བློན་པོ་ཨམ་སྲུ་ འགོ་དང་པ་འབད་མི་ བདེ་ཆེན་དབང་མོ་འོང་ནི་ཨིནམ་ད་ མོ་གིས་ འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་དང་ འཆར་གཞི་༡༢ པ་ལུ་ གཞི་བཞག་སྟེ་ གསོ་བའི་འཕྲོད་བསྟེན་ལུ་ གཙོ་རིམ་བཟུང་འོང་ཟེར་ མོ་གིས་བཤད་ཡོདཔ་ཨིན་པས།
ལྷན་ཁག་ནང་ གཙོ་རིམ་བཟུང་ནིའི་ཐད་ཁར་ འཆར་གཞི་༡༢ པ་དང་ ཚོགས་པའི་ཁས་བླངས་གསལ་བསྒྲགས་གཉིས་ ལོག་སྟེ་ དབྱེ་དཔྱད་འབད་ཐོག་ལས་ གཙོ་རིམ་བཟུང་ནིའི་རེ་བ་ཡོད་ཟེར་ མོ་གིས་བཤད་པའི་ཁར་ རྒྱལ་ཁབ་ལུ་ དགོཔ་ག་ཅིག་འདུག་ག་དང་ ཐོན་སྐྱེད་ཚུ་ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་དེ་ མོ་གི་གྲོས་གཞི་ཨིན་ཟེར་ཨིན་པས།
ལོ་༥ འི་རིང་ མི་སེར་ཚུ་དང་གཅིག་ཁར་ ལཱ་འབད་ནི་དང་ རྒྱལ་ཁབ་ཀྱི་དོན་ལུ་ གཞུང་གིས་དམིགས་གཏད་བསྐྱེད་མི་དེ་ འགྲུབ་ནི་ལུ་ གཙོ་བོར་བཏོན་ནི་ཨིན་ཟེར་ མོ་གིས་ སླབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *