གསོ་བའི་བློན་པོ་གིས་ མི་ཚུ་ ཐད་ཀར་དུ་ ཟུར་བཞག་ཁང་ནང་ འཁྱིད་དོ་ཡོད་པའི་དོགས་སེལ།

༉ འཕྲལ་ཁམས་ཅིག་ཁར་ ཟུར་བཞག་ནད་བརྟག་ལྟེ་བ་ཚུ་ནང་བཞག་མི་ འབྲུགཔ་༣ ལུ་ COVID-19 ནད་འབུབ་ཐོབ་ཡོདཔ་སྦེ་བདའ་ཟུན་པའི་ཤུལ་ལས་ ནདཔ་ལ་ལོ་ཅིག་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་ནང་ལྷོདཔ་ད་ ཕམ་ཚུ་གིས་ ཐད་ཀར་དུ་ རང་སོའི་ཁྱིམ་ནང་ འཁྱིད་འགྱོ་བའི་ འཐོར་གཏམ་དར་ཁྱབ་སོང་མི་དེ་ མི་བདེན་ཟེར་ གསོ་བ་བློན་པོ་གིས་ བཤད་ཅི།
དེ་ཡང་ སྤྱི་ཟླ་༤ པའི་ཚེས་༣ ལུ་ གནས་ཚུལ་ཞལ་འཛོམས་ནང་ བརྡ་བརྒྱུདཔ་ཅིག་གིས་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་མི་ སློབ་ཕྲུག་ཅིག་ སྤ་རོ་ལུ་ ལྷོད་པའི་ཤུལ་ལས་ ཟུར་བཞག་ཁང་གི་ ལམ་ལུགས་དང་མ་འཁྲིལ་བར་ ཕམ་གིས་ འཁྱིད་འགྱོ་བའི་ ལོ་རྒྱུས་ཡོད་མི་དེ་ ངེས་བདེན་ཨིན་པ་ཅིན་ ཚ་གྱང་ལང་དགོཔ་འདུག་ཟེར་ ཞུ་ཡི།
ད་རུང་ གསོ་བ་ལྷན་ཁག་གིས་ ཕྱི་རྒྱལ་ལས་འོང་མི་ འབྲུག་མི་ག་ར་ ཟུར་བཞག་ཁང་ཚུ་ནང་ བཞག་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོད་རུང་ འབྱོར་པ་ཅན་དང་ ཏོག་གོ་ས་ཡོད་མི་ ཕམ་རེ་གཉིས་ཀྱིས་ རང་སོའི་ཨ་ལོ་ ཁྱིམ་ནང་ཟུར་བཞག་ནི་སྦེ་ འཁྱིད་སོང་པའི་ཤུལ་ལས་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ཤེས་རྟོགས་བྱུང་སྟེ་ ཟུར་བཞག་ལྟེ་བའི་ནང་ འཁྱིད་འགྱོ་བའི་ ལོ་རྒྱུས་ཡང་འདུག་ཟེར་ཨིན་པས།
གནས་ཚུལ་བསྡུ་བཀོདཔ་གིས་ ཞུ་མིའི་ནང་ མི་དྲག་ཞན་གྱི་ དབྱེ་བ་ཕྱེ་ཐོག་ལས་ ལ་ལོ་ཟུར་བཞག་ནང་གཏང་ནི་དང་ ལ་ལོ་ ཁྱིམ་ནང་ཟུར་སྡོད་ནི་གི་ གོ་སྐབས་བྱིན་པ་ཅིན་ ནང་འཁོད་ལུ་ ནད་འབུབ་འབུ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ སློབ་ཕྲུག་ཚུ་ གནམ་གྲུ་ནང་ལྷོདཔ་ད་ ཕམ་ཚུ་གིས་ འཁྱིད་སོང་ནུག་ཟེར་མི་དེ་ མ་བདེན་པའི་ འཐོར་གཏམ་ཨིན་མི་དེ་ཡང་ ལྷན་ཁག་གིས་ མི་ག་ཡང་ ཁྱིམ་ནང་མ་བཏང་པར་ ཟུར་བཞག་ཁང་ཚུ་ནང་ བཏང་ཡི་ཟེར་བཤད་ཅི།
བློན་པོ་གིས་འབད་བ་ཅིན་ སློབ་ཕྲུག་བུམོ་དེ་ སྤ་རོ་གི་ ཟུར་བཞག་ཁང་ནང་བཞགཔ་ད་ ནད་འབུབ་ཐོབ་ཡོདཔ་ བདའ་ཟུན་པའི་ཤུལ་ལུ་ མོ་དང་གཅིག་ཁར་སྡོད་མི་ ཆ་རོགས་ཚུ་ཡང་ བརྟག་དཔྱད་འབདཝ་ད་ ནད་འབུབ་མེདཔ་སྦེ་ མངོན་གསལ་བྱུང་རུང་ ཟུར་བཞག་ཁང་གཞན་ནང་ སྤོ་བཤུད་འབད་དེ་ བཞག་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ ནད་ཡམས་ཁྱབ་ཤུགས་ཡོད་པའི་ རྒྱལ་ཁབ་༣༥ ནང་ལས་ འོང་མི་ཨིན་པ་ཅིན་ ནད་འབུབ་ཡོད་མེད་ བརྟག་དཔྱད་ཀྱི་དོན་ལུ་ ཁྲག་གི་དཔེ་ཚད་ཚུ་ཡང་ ཧེ་མ་ལས་ ལེན་ཞིནམ་ལས་ ཟུར་བཞག་ལྟེ་བ་ཚུ་ནང་ ལོགས་སུ་སྦེ་ བཞགཔ་ཨིན་ཟེར་ བློན་པོ་གིས་ བཤད་ཅི།
གསོ་བའི་བློན་པོ་གིས་ མི་སྡེ་བརྡ་བརྒྱུད་ལས་ཕར་ སློབ་ཕྲུག་བུམོ་དེ་ མོ་རའི་ཁྱིམ་ནང་བཞགཔ་ད་ ནད་འབུབ་ཐོབ་ནུག་ཟེར་ སླབ་མི་དེ་ ག་དེ་སྦེ་ཨིན་ན་ ཧ་གོ་མི་ཚུགས་པས་ཟེར་ བཤདཔ་ཨིན་རུང་ ཟུར་བཞག་ཁང་ཚུ་ནང་ བཞག་མི་ཚུ་ལས་ ནད་འབུབ་ཐོབ་ཡོདཔ་ བདའ་ཟུན་མི་ ཕོ་ཨིན་ན་ མོ་ཨིན་ན་ དབྱེ་བ་ཕྱེ་ནི་དེ་ ཁག་མི་ཆེ་ཟེར་ བཤད་ཅི།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ རྒྱལ་ཁབ་ཆུང་ཀུ་ཅིག་ནང་ མི་རློབས་ཉུང་སུ་ལས་བརྒལ་མེདཔ་ལས་ གལ་སྲིད་ མི་ངོམ་དེ་གི་ ཁ་གསལ་གསལ་སྟོན་འབད་བ་ཅིན་ དེ་འཕྲོ་ལས་ མི་ཚུ་གིས་ ཤེས་ནི་དང་ ནད་ཐོབ་མི་ལུ་ མར་ཕབ་རྐྱབ་ནིའི་ ཉེན་ཁ་ཡོདཔ་ལས་ ཕོ་མོའི་དབྱེ་བ་ཕྱེ་དགོཔ་མིན་འདུག་ཟེར་ བཤད་ཅི།
གསོ་བ་ལྷན་ཁག་གིས་ ད་ཚུན་གྱི་བར་ན་ ནད་འབུབ་ཐོབ་མི་ ཕོ་མོའི་གསལ་སྟོན་མ་འབད་རུང་ སློབ་ཕྲུག་༣ ལས་༢ བུམོ་ཨིན་པའི་ ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *