གཞི་བཀོད་ཟིན་བྲིས་དེ་ ལག་ལེན་འཐབ་མི་ཚུ་གི་བར་ན་ བརྗེ་སོར་འབད་བའི་བསྒང་།

གསོ་བ་ལྷན་ཁག་གིས་ ཕ་མའི་སྐྱོང་བཞག་དང་ འབྲེལ་བ་འཐབ་ཐངས་ ཡར་དྲག་གཏང་ནི།

༉ རྒྱལ་ཁབ་ནང་འཁོད་ལུ་ ཨ་ལོ་ཚུ་དང་ འབྲེལ་བ་འཐབ་ནི་དང་ རྩེད་འདོད་ཅན་གྱི་ སྐྱོང་བཞག་ལེགས་བཅོས་འབད་ཐབས་ལུ་ གསོ་བ་ལྷན་ཁག་གིས་ གསོ་བའི་ལམ་ལུགས་ནང་ གཅིག་སྒྲིལ་དང་ ཡར་དྲག་གཏང་ནི་ དེ་ལས་ ཕ་མའི་སྐྱོང་བཞག་བྱིན་ནི་གི་ གཞི་བཀོད་ལག་ལེན་འཐབ་ནི་ཨིན་པས།
གཞི་བཀོད་ཟིན་བྲིས་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༠ ལུ་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ བརྗེ་སོར་འབད་ཡོདཔ་བཞིན་དུ་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་དང་ གསོ་བ་ལྷན་ཁག་གི་ མི་མང་གསོ་བའི་འཕྲོད་བསྟེན་ལས་ཁུངས་ཀྱིས་ ལག་ལེན་འཐབ་ནི་ཨིན་པས།
རྩེད་འདོད་ཅན་གྱི་ ཕ་མའི་སྐྱོང་བཞག་བྱིན་ནི་གི་ གཞི་བཀོད་དེ་ཡང་ བདུན་ཕྲག་ཅིག་གི་ནང་འཁོད་ལུ་ གཞུང་འབྲེལ་ཐོག་ འབྲེལ་ཡོད་ལས་སྡེ་ཚུ་དང་ གན་ཡིག་གུ་ མཚན་རྟགས་བཀོད་ནི་ཨིན་པས།
ལས་འགུལ་དེ་ སྤྱི་ལོ་༢༠༡༧-༡༨ ལུ་ ཨ་ལོ་གོང་འཕེལ་གཅེས་སྐྱོང་གི་ མོ་བཏབ་ལས་འགུལ་ མཐར་འཁྱོལ་ཅན་ བྱུང་པའི་ཤུལ་ལས་ བཟོ་ཡོདཔ་ཨིན་པས།
ལོ་༣ གྱི་ ལས་འགུལ་དེ་ལུ་ ཌེན་མཱག་ལུ་ཡོད་པའི་ ཨ་ལོ་རྩེདམོ་བཟོ་མི་ ཡོངས་གྲགས་ཅན་ ལེ་གོ་གཞི་ཚོགས་ཀྱིས་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༦༣ དེ་ཅིག་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ ལས་རིམ་དབྱེ་དཔྱདཔ་ ལྕགས་དཀྱུ་ཚེ་རིང་གིས་ སླབ་མིའི་ནང་ ལས་འགུལ་དེ་གིས་ སྐྱེས་ལོ་༣ འོག་རྒྱུ་འབད་མི་ ཨ་ལོའི་ཕམ་གི་བར་ན་དང་ ཨ་ལོ་བལྟ་མི་དང་ ཨ་ལོའི་བར་ན་ དེ་ལས་ རང་གི་ཨ་ལོ་དང་རྒས་ཤོས་ཚུ་གི་བར་ན་ འབྲེལ་བ་དང་ སྐྱོང་བཞག་བྱིན་ཏེ་ རྩེདམོ་རྩེད་ཐོག་ལས་ འབྲེལ་འཛིན་སྦེ་ བཞག་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
ཁོ་གིས་ དཔེ་དང་འདྲཝ་སྦེ་ སླབ་མིའི་ནང་ རྒས་ཤོས་ཚུ་གི་བར་ན་ བློ་སླབ་སྡོདཔ་ད་ ཨ་ལོ་ཚུ་གིས་ སྐད་རྐྱབ་པའི་སྐབས་ ཚོགས་བརྡ་གཏང་ནི་དེ་ ལེགས་ཤོམ་མེན་མི་དེ་ཡང་ ཨ་ལོ་ཚུ་གི་ ཀླདཔ་གོང་འཕེལ་འགྱོ་བའི་ བསྒང་ཡོདཔ་ལས་ ཀླདཔ༌གི༌ཁམས༌ཕྲན༌ཚུ༌ལུ་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།
ལས་འགུལ་དེ་གིས་ རྫོང༌ཁག༌༢༠ གི༌ ཨ༌ལོ༌སྐྱེས༌ལོ༌༣ མན༌ཆད༌འབད༌མི༌༦༥,༠༠༠ ལུ་ ཁེ༌ཕན༌འབྱུང༌ཚུགས༌ནི་དང་ ཨ་ལོ་གཅེས་སྐྱོང་པ་ ངོ་མ་ཚུ་གི་བར་ན་ རྩེད་འདོད་ཅན་གྱི་ འབྲེལ་བ་འཐབ་ཐངས་ཚུ་ ཡར་དྲག་གཏང་ནི་ཨིནམ་མ་ཚད་ ཨ་ལོ་སྐྱེས་ཞིནམ་ལས་ ལོ་༣ ཚུན་གྱི་རིང་ བདག་འཛིན་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།
གསོ་བ་བློན་པོ་གིས་ བཤད་མིའི་ནང་ ཨམ་སྲུ་ཚུ་ལུ་ ཉེ་རིང་ཕྱེ་ནི་དང་ ཨ་ལོ་ཚུ་གི་ ཐོབ་དབང་གི་ ཁྲིམས་ཡིག་ ལེགས་བཅོས་འབད་བའི་ཁར་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ ཨམ་སྲུ་དང་ ཨ་ལོ་ཚུ་ ཉེན་སྐྱོབ་འབད་ནི་གི་ དོན་ཚན་གཅིག་ཡང་ཡོད་ཟེར་ཨིན་པས།
སྲིད་བྱུས་དེ་ རྒྱལ་ཡོངས་ཀྱི་ གནས་ཚད་ནང་ ལག་ལེན་འཐབ་ནི་ལུ་ རེ་བ་བསྐྱེད་དོ་ཟེར་ གསོ་བ་བློན་པོ་གིས་ བཤད་པའི་ཁར་ སྲིད་བྱུས་ནང་ ཨ་ལོ་དང་ གཟུགས་ཁམས་འཕྲོད་བསྟེན་སྐོར་ལས་ བཀོད་དེ་ཡོདཔ་ལས་ ཨ་ལོ་ཆགས་མི་ ཨམ་སྲུ་ཚུ་གིས་ ཨ་ལོ་དེ་ ནམ་སྐྱེ་ནི་དང་ ག་ཏེ་ལུ་ སྐྱེ་ནི་ཨིན་ན་ཚུ་ ཤེས་ཚུགས་ཟེར་བཤད་ཅི།
གཞི་བཀོད་དེ་ ལོ་ངོ་དང་པའི་ནང་ རྫོང་ཁག་༥ དང་ ལོ་༢ པའི་ནང་ རྫོང་ཁག་༡༠ དེ་ལས་ རྫོང་ཁག་༥ དེ་ ལོ་༣ པའི་ནང་ ལག་ལེན་འཐབ་ནི་གི་ ལས་འཆར་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་གློག་མེ་ལས་འགུལ་གྱི་ ས་དོང་ཊ་ནཱལ་༡ པ་དང་༢ པའི་ཆུ་དུང་མཐུད་སྦྲེལ་འབད་ཡོདཔ་ད་ ས་འོག་གི་ ཆུ་དུང་དེ་ཡང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ འཕྲུལ་རྟ་ཨེབ་ཐོག་ལས་ ས་དོང་ཊ་ནཱལ་༢ ཀྱི་བར་ན་ གས་རྫས་ལག་ལེན་འཐབ་སྟེ་ …

Leave a Reply

Your email address will not be published. Required fields are marked *