གསེར་ནག་ཚོང་འཐབ་མི་༥ ལུ་ ཉེས་འཛུགས་འབད་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ངོ་ཚབ་ཚེ་དབང་རྡོ་རྗེ་གིས་ སྤ་རོ་ཁྲིམས་འདུན་ལུ་ གསེར་ནག་ཚོང་ འཐབ་མིའི་ནང་ འབྲེལ་ཡོད་རྡོ་རྗེ་རྒྱལ་མཚན་གྱིས་གཙོས་པའི་ མི་༤ ལུ་ དབྱེ་རིམ་༣ པ་དང་ དབྱེ་རིམ་༤ པའི་ཉེས་ཆེན་གྱི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྡོ་རྗེ་རྒྱལ་མཚན་ལུ་ ཉེས་འཛུགས་འབད་མིའི་ནང་ གསེར་ནག་ཚོང་འཐབ་པའི་གནད་འགེལ་ལུ་ ལོག་འདྲེན་འབད་བའི་ གནོད་འགེལ་ཨིནམ་ལས་ ཉེས་ལས་དངོས་སུ་ ལྐོག་ཚོང་འཐབ་པའི་ ཉེས་ཁྲིམས་ཕྱེད་ཀ་ སྨིན་དགོཔ་ཨིན་ཟེར་ ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ གོང་ཚད་དངུལ་ཀྲམ་ས་ཡ་༦.༤ གནས་པའི་ གསེར་པག་ཅུ་༢༤ ནང་འདྲེན་འབད་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དོན་ཚན་༢༧༩ པ་ལྟར་ ནག་ཚོང་གནོད་འགེལ་གྱི་ ཉེས་ཁྲིམས་ཡང་ རིན་ཐང་དང་བསྟུན་པའི་ ཁྲིམས་ཚད་ཕོག་དགོཔ་ཨིནམ་ལས་ དབྱེ་རིམ་༣ པའི་ ཉེས་ཆེན་ཕྱེད་ཀ་ སྨིན་དགོ་ཟེར་ཉེས་འཛུགས་བཀོད་ནུག།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༧ ལུ་ བཙན་སྐྱོགས་རྒྱལ་མཚན་དང་ ཟླ་བ་དཔལ་འབྱོར་གྱིས་ གསེར་ནག་ཚོང་འཐབ་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དགོངས་དོན་དང་འཁྲིལ་ དབྱེ་རིམ་༣ པའི་ ཉེས་ཆེན་གྱི་ཉེས་འཛུགས་འབད་ཡོདཔ་ད་ དེ་ཡང་ ཁྲིམས་ཚད་དུས་ཡུན་དམའ་ཤོས་ལོ་༥ ལས་ མཐོ་ཤོས་ལོ་༩ འི་འོག་རྒྱུ་ བཙོན་ཁྲིམས་སྨིན་དགོཔ་སྦེ་ ཞུ་ནུག།
ཁོང་༢ ཀྱིས་ རྡོ་རྗེ་རྒྱལ་མཚན་ལས་ བར་འཐུས་དངུལ་ཀྲམ་༤༠,༠༠༠ ལེན་ཐོག་ལས་ འབྲུག་དང་ རྒྱ་ནག་གི་ས་མཚམས་ལས་ ལྗིད་ཚད་ཀི་ལོ་ག་རམ་༡ སྦེ་མི་ གསེར་པག་ཅུ་༢༤ ལེན་མི་ལུ་བརྟེན་ཨིན་པས།
གསེར་ལྐོག་ཚོང་འཐབ་ནི་ལུ་ སྡོང་ཟླ་དང་ རྒྱུད་བསྐུལ་འབད་མི་ བསོད་ནམས་དབང་ཕྱུག་དང་ ཧེ་རུ་ཀ་༢ ལུ་ དབྱེ་རིམ་༤ པའི་ཉེས་ཆེན་གྱི་ ཁྲིམས་ཚད་དམའ་ཤོས་ལོ་༣ དང་ མཐོ་ཤོས་ལོ་༥ འི་འོག་རྒྱུ་ ཁྲིམས་སྨིན་ དགོཔ་སྦེ་ ཞུ་ནུག།
དེ་ཡང་ ཉེས་འཛུགས་འབད་མི་ རྡོ་རྗེ་རྒྱལ་མཚན་གྱིས་ ཕུན་ཚོགས་གླིང་དང་ རྒྱ་གར་ས་མཚམས་ ཇའི་སྒང་ལུ་ གསེར་ནག་ཚོང་འཐབ་ནིའི་དོན་ལུ་ བསོད་ནམས་དབང་ཕྱུག་དང་ ཧེ་རུ་ཀ་༢ ཀྱིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ ཉེས་འཛུགས་བཀལ་དགོཔ་སྦེ་ ཞུ་ནུག།
སྤྱི་ལོ་༢༠༡༧ ལུ་ སྤ་རོ་ ཤ་ན་གཡུས་ཚན་ལས་ སོ་ནམ་པ་ སྐྱེས་ལོ་༤༠ ལང་མི་ རྡོ་རྗེ་རྒྱལ་མཚན་གྱིས་ ཤེས་བཞིན་བསམ་བཞིན་དུ་ འབྲུག་དང་ རྒྱ་ནག་གི་ ས་མཚམས་ལས་ གསེར་ནང་འདྲེན་འབད་བར་ སྤ་རོ་བཙན་ཏོ་རྒེད་འོག་ལས་ སྐྱེས་ལོ་༢༤ ལང་མི་ བཙན་སྐྱོགས་རྒྱལ་མཚན་དང་ སྐྱེས་ལོ་༤༨ ལང་མི་ ཟླ་བ་དཔལ་འབྱོར་༢ བཏང་སྟེ་ གསེར་ཀེ་ཇི་༢༤ ནང་འདྲེན་འབད་ཡོདཔ་མ་ཚད་ འབྲུག་ལས་ རྒྱ་གར་ལུ་ གསེར་ཕྱིར་བཙོང་འཐབ་ཡོདཔ་ལས་ རྩེད་བཤེར་གྱི་དོན་ལུ་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༩ ཟླ་༨ པའི་ཚེས་༢༧ གྱི་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལུ་ ཁྲིམས་སྲུང་འགག་སྡེ་ལུ་ གསང་བའི་སྙན་ཞུ་ཐོབ་པའི་ཤུལ་ལས་ སྤ་རོ་རྫོང་ཁག་ གཡུས་ཤ་ན་ལས་ རྡོ་རྗེ་རྒྱལ་མཚན་དང་ བཙན་སྐྱོགས་རྒྱལ་མཚན་གྱིས་ གསེར་པག་ཅུ་ཀེ་ཇི་༢༤ ལྐོག་ཚོང་འཐབ་མི་དེ་ འཛིན་བཟུང་འབད་ནུག།
ཁོང་༣ འཛིན་བཟུང་འབད་ཞིནམ་ལས་ དྲི་ཞིབ་འབདཝ་ད་ རྒྱ་གར་གྱི་ས་མཚམས་ཁར་ གསེར་ཕྱིར་བཙོང་འཐབ་པའི་སྐབས་ འབྲེལ་བ་འཐབ་མི་ སྤ་རོ་ལུགས་གཉིས་ལས་ སྐྱེས་ལོ་༥༠ ལང་མི་ བསོད་ནམས་དབང་ཕྱུག་དང་ ལྷུན་རྩེ་སྨད་མཚོ་ལས་ སྐྱེས་ལོ་༣༤ ལང་མི་ ཧེ་རུ་ཀ་གིས་ འབྲེལ་བ་འཐབ་ཡོད་པའི་ ཤེས་རྟོགས་བྱུངམ་ལས་ འཛིན་བཟུང་འབད་ནུག།
ཉེས་འཛུགས་ཅན་ཚུ་ འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ སྤྱི་ལོ་༢༠༡༧ ལུ་ རྡོ་རྗེ་རྒྱལ་མཚན་གྱིས་ བཙན་སྐྱོགས་རྒྱལ་མཚན་དང་ ཟླ་བ་དཔལ་འབྱོར་གཉིས་ལུ་ འབྲུག་དང་ རྒྱ་ནག་གི་ས་མཚམས་ བྱི་དུ་ལ་ལུ་ བོད་མི་ལས་ གསེར་ཀེ་ཇི་༢༤ ལེན་པར་བཏང་ཡོདཔ་བཞིན་དུ་ གསེར་ལེན་པའི་འཐུས་དངུལ་ཀྲམ་༤༠,༠༠༠ སྤྲོད་ནུག།
གསེར་ལེན་པའི་ཤུལ་ལས་ ཁོ་རའི་ཁྱིམ་ནང་ བཞག་པའི་སྐབས་ རྒྱ་གར་ལས་ མི་ངོམ་ཚུ་ གསེར་ལེན་པར་ འོང་ཡོདཔ་བཞིན་དུ་ གསེར་ཀེ་ཇི་༡༨ བྱིན་པའི་ལྷག་ལུས་ གསེར་ཀེ་ཇི་༦ ཁོ་ལུ་བཞག་ནུག།
སྤྱི་ལོ་༢༠༡༨ ལུ་ སྣུམ་འཁོར་ཉམས་བཅོས་ཁང་གི་ཇོ་བདག་ བསོད་ནམས་དབང་ཕྱུག་དང་ཕྱདཔ་ད་ བསོད་ནམས་དབང་ཕྱུག་གིས་ རྡོ་རྗེ་རྒྱལ་མཚན་ལུ་ གསེར་ཡོད་པ་ཅིན་ ཕྱིར་བཙོང་འཐབ་ནིའི་དོན་ལུ་ རྒྱ་གར་གྱི་མི་ ངོ་ཤེས་མི་ཚུ་ཡོད་ཟེར་ གྲོས་བསྟུན་འབད་བའི་ཤུལ་ལས་ རྒྱ་གར་གྱི་མི་ངོམ་ཅིག་ལུ་ གསེར་ཀེ་ཇི་༡ ལུ་ དངུལ་ཀྲམ་ས་ཡ་༣.༤ སྦེ་བཙོང་ནུག།
དེ་བཟུམ་སྦེ་ རྡོ་རྗེ་རྒྱལ་མཚན་གྱིས་ གསེར་ཀེ་ཇི་༢ འབག་སྟེ་ ཧེ་མར་ ཙན་དན་དམརཔོ་གི་ ཚོང་རྐྱབ་པའི་སྐབས་ ངོ་ཤེས་མི་ རྒྱ་གར་གྱི་མི་ངོམ་ཅིག་ལུ་ གསེར་ཀེ་ཇི་རེ་ལུ་ དངུལ་ཀྲམ་ས་ཡ་༢.༡ སྦེ་བཙོང་ཡོདཔ་ད་ གསེར་ཀེ་ཇི་༢ ལུ་ དངུལ་ཀྲམ་ས་ཡ་༤.༢ ལེན་ཡོདཔ་བཞིན་དུ་ ཟླ་ངོ་དག་པ་ཅིག་གི་ཤུལ་ལས་ གསེར་ཀེ་ཇི་༣ ཡང་ རྒྱ་གར་ལུ་བཙོངམ་ད་ དངུལ་ཀྲམ་ས་ཡ་༦.༣ ལེན་ནུག།
རྡོ་རྗེ་རྒྱལ་མཚན་ལུ་ གསེར་ཀེ་ཇི་༦ ལས་ ཀེ་ཇི་༥ བཙོང་མི་ལས་ བསྡོམས་དངུལ་ཀྲམ་ས་ཡ་༡༠.༥ ཐོབ་མི་ གིས་ སྣུམ་འཁོར་ཨཱལ་ཊོ་ཀཱར་ མཁོ་སྒྲུབ་འབད་ཡོདཔ་ད་ སྐྱིན་འགྲུལ་དངུལ་ཀྲམ་འབུམ་༣ དང་ ཨམ་སྲུའི་ མིང་ཐོག་ཁར་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༣ དེ་ལས་ སྤ་རོ་ཁྲོམ་ཁར་ཡོད་མི་ ཁྱིམ་ཐོག་༥ ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༠.༧ གྱི་ཅ་ཆས་ཚུ་ མཁོ་བསྒྲུབས་འབད་ཡོདཔ་ད་ དངུལ་ཀྲམ་འབུམ་༥ གནས་པའི་ ཁྱིམ་མཐའ་འཁོར་གྱི་ གྱང་རྩིག་རྐྱབ་ནུག་ཟེར་ ཨིན་པས།
དེ་བཟུམ་སྦེ་ གསེར་ཀེ་ཇི་༢༤ ནང་འདྲེན་འཐབ་མི་དེ་ སྤྱི་ལོ་༢༠༡༩ ཟླ་༡༠ པའི་ཚེས་༡༡ ལུ་ རྒྱལ་གཞུང་ དངུལ་ལས་དབང་འཛིན་གྱི་ ཆེད་དུ་བཀོད་པའི་གོང་ཚད་དེ་ གསེར་ག་རམ་རེ་ལུ་ དངུལ་ཀྲམ་༢༦༧༧ གནས་མི་ལུ་བརྟེན་ གསེར་པག་ཅུ་༢༤ ལུ་ ལྗིད་ཚད་ཡོངས་བསྡོམས་ག་རཱམ་༢༤༠༠༠ ཨིནམ་ལས་ དེའི་གོང་ཚད་དེ་ དངུལ་ཀྲམ་ས་ཡ་༦.༤ གནས་མི་དེ་ བཀག་དམ་ཅན་གྱི་གསེར་ཨིན་ཟེར་ ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ལས་ ངོ་ཚབ་ཚེ་དབང་རྡོ་རྗེ་གིས་ སྤྱི་ཟླ་༡༡ པའི་ཚེས་༥ ལུ་ རྫོང་ཁག་ཁྲིམས་འདུན་ལུ་ ཉེས་འཛུགས་བཀོད་དགོཔ་སྦེ་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *