སྤོ་ལོ་མཁན་རིན་པོ་ཆེ་གིས་ ལུང་བསྟན་གནང་མི་དང་བསྟུན་ བཞེངས་ཡོད་པའི་ གསེར་གཞོང་དགོན་པའི་ལྷ་ཁང་།

གསེར་གཞོང་མདོ་སྔགས་ཀུན་བཟང་ཆོས་གླིང་དགོན་པའི་ རྒྱབ་ཁུངས་མདོར་བསྡུས།

༉ དགེ་ལེགས་ཕུག་ལས་ གཞལམ་སྒང་ལུ་འགྱོ་སའི་ གཞུང་ལམ་ཀི་ལོ་མི་ཊར་༡༡ དེ་ཅིག་ལུ་ལྷོདཔ་ད་ ཤིང་སྣ་མེ་ཏོག་དང་ ཤིང་འབྲས་སྣ་ཚོགས་ཀྱིས་ མཐའ་བསྐོར་ཏེ་ཡོད་པའི་ སྒང་ཏོག་ཅིག་གུ་ གཟི་བརྗིད་དང་ལྡན་པའི་ བྱིན་བརླབས་ཅན་གྱི་ གསེར་གཞོང་དགོན་པའི་ལྷ་ཁང་དེ་ ག་ནི་བ་ མཛེས་ཆ་དང་ལྡནམ་སྦེ་ མཇལ་ཚུགསཔ་ཨིན་པས།
དེ་ཡང་ གསེར་གཞོང་མདོ་སྔགས་ཀུན་བཟང་ཆོས་གླིང་དགོན་པ་དེ་ སྤྱི་ལོ་༡༩༦༨ ལུ་ སྤོ་ལོ་མཁན་རིན་པོ་ཆེ་མཆོག་ དད་ཅན་སྦྱིན་བདག་ཚུ་གིས་ དགེ་ལེགས་ཕུག་ལུ་ གདན་འདྲེན་ཞུ་བའི་སྐབས་ རིན་པོ་ཆེ་གིས་ སྒང་ཏོག་དེ་ཁར་ ལྷ་ཁང་ཅིག་བཞེངས་ཚུགས་པ་ཅིན་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ ལེགས་ཤོམ་འོང་ནི་མས་ཟེར་བའི་ ལུང་བསྟན་གནངམ་དང་འབྲེལ་ ས་ཆ་དེ་ཡང་ བྱིན་གྱིས་བརླབས་གནང་ནུག་ཟེར་ གྲྭ་ཚང་གི་དབུ་འཛིན་ མཁན་པོ་ཀུན་ལེགས་དབང་འདུས་ཀྱིས་ བཤདཔ་ཨིན་པས།
དེ་གི་ཤུལ་ལས་ སྤྱི་ལོ་༡༩༧༥ དང་༧༦ ལུ་ མི་དབང་འབྲུག་རྒྱལ་༤ པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ ཀྲོང་གསར་དང་ གཞལམ་སྒང་རྫོང་ཁག་གི་ མི་སེར་ཚུ་ལུ་ འགོ་དང་པ་ གསར་སྤང་ལས་ སའི་སྐྱིད་སྡུག་གནང་པའི་སྐབས་ མི་དབང་མཆོག་གི་ སྐུ་ཚབ་སྦེ་བྱོན་མི་ ཚེ་འདས་དྲགོས་རིན་པོ་ཆེ་ལུ་ གཞིས་གསར་ནང་སྡོད་མི་ཚུ་གིས་ གསོན་གཤིན་གྱི་ དགེ་རྩ་བསྒྲུབ་ནི་དང་ སྐྱབས་འཚོལ་སའི་རྟེན་བཟུམ་ཅིག་སྦེ་ དམངས་ཀྱི་ལྷ་ཁང་ཅིག་ བཞེངས་ནིའི་དོན་ལུ་ སའི་སྐྱིད་སྡུག་ཞུ་མི་དང་བསྟུན་ མི་དབང་མཆོག་ལུ་ སྙན་འབུལ་ཞུ་བའི་ཤུལ་ལས་ སྐྱིད་སྡུག་ཐོབ་ནུག།
དེ་ལས་ དྲགོས་རིན་པོ་ཆེ་གིས་ ལྷ་ཁང་གསར་བཞེངས་ཀྱི་ མ་དངུལ་བཟོ་ནིའི་དོན་ལུ་ རྒྱན་ཤོག་ལོ་ཊི་རི་བཙོང་ཐོག་ལས་ དངུལ་ཀྲམ་༥༠,༠༠༠ ཐོབ་མིའི་གུ་ བསམ་རྩེ་ཆང་བཟོ་འཕྲུལ་ཁང་གི་ སྦྱིན་བདག་འཇིགས་མེད་ཀྱིས་དངུལ་ཀྲམ་༢༠,༠༠༠ དང་ དད་ཅན་གཞན་ཚུ་ལས་ མང་མང་ཉུང་ཉུང་རེ་བསྡུ་ཡོད་རུང་ ཞལ་འདེབས་མང་ཤོས་ཅིག་ སྦྱིན་བདག་རྒྱལ་མཚན་གྱིས་ ཕུལ་ཐོག་ལས་ ཡོངས་བསྡོམས་མ་དངུལ་ དངུལ་ཀྲམ་༡༧༠,༠༠༠ ཐོབ་མི་དང་བསྟུན་ ལྷ་ཁང་གསར་བཞེངས་ཀྱི་ལཱ་ འགོ་བཙུགས་ནུག།
དེ་བསྒང་ དགོན་པ་ཚུན་ འཁོར་ལམ་བཏོན་ནིའི་དོན་ལུ་ སོ་ནམ་ལས་ཁུངས་ཀྱི་ཁ་ཐུག་ལས་ འཕྲུལ་ཆས་ཀྱི་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ གཞི་གསར་ནང་སྡོད་མི་ ཁྱིམ་གུང་༦༠ དེ་ཅིག་གིས་ ཟླཝ་༣ རེ་ སྦུངས་བསྒུལ་གྱི་ཞབས་ཏོག་ཞུ་ནུག།

གསེར་གཞོང་དགོན་པའི་འོག་ལུ་ མ་ཎི་བགྱང་སྡོད་མི་ རྒན་རྒས་ཚུ་གིས་ མཆོད་རྟེན་ཀྱི་མཐའ་འཁོར་ སེལ་བའི་བསྒང་།

གསེར་གཞོང་དགོན་པ་ལུ་ གྲྭ་ཚང་འགོ་དང་པ་ སྤྱི་ལོ་༡༩༧༧ ལུ་ ཁེངས་རྟ་ལི་དགོན་པའི་ ཞིང་གཤེགས་བླམ་ཐེར་ཅུང་གིས་ དགེ་སློང་ཞལ་གྲངས་༢༥ བཙུགས་ཐོག་ལས་ གཞི་བཙུགས་གནང་ཡོདཔ་བཞིན་དུ་ ལོ་༣ དེ་ཅིག་གི་རིང་ དགོན་པ་དེ་ གྲྭ་ཚང་གི་དོན་ལུ་ གནམ་དགུན་གྱི་བཞུགས་གནས་སྦེ་ ལག་ལེན་འཐབ་ཡོདཔ་ཨིན་པས།
བར་སྐབས་ཅིག་ལས་ བླམ་ཐེར་ཅུང་གཤགས་པའི་ཤུལ་ལུ་ དགོན་པ་དེ་ ཧ་ལམ་ཉམས་ཆག་ཤོར་ནིའི་ དུས་ཚོད་དང་བསྟུན་ སྤྱི་ལོ་༢༠༠༥ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དགེ་ལེགས་ཕུག་ལུ་ ཆིབས་སྐྱོད་གནང་པའི་སྐབས་ སྐྱབས་རྗེ་མཆོག་གིས་ དགོན་པ་ཉམས་གསོ་ཞུ་ནིའི་དོན་ལུ་ དངུལ་ཀྲམ་༣༠༠,༠༠༠ ཞལ་འདེབས་གནང་མིའི་གུ་ དད་ཅན་སྦྱིན་བདག་ཚུ་གིས་ རྒྱུ་སྦུང་གཉིས་ཀྱི་ཐོག་ལས་ ཞབས་ཏོག་ཞུ་སྟེ་ ཉམས་གསོ་ཞུ་ཡོདཔ་ཨིན་པས།
སྐྱབས་རྗེ་མཆོག་གིས་ བཀའ་གནང་མི་དང་བསྟུན་ གཡུས་མི་ཚུ་གིས་ གསེར་གཞོང་དགོན་པ་ལུ་ དགེ་འདུན་གྱི་སྡེ་ཅིག་ གཞི་བཙུགས་ཐོག་ལས་ བདག་འཛིན་འཐབ་མི་ བླམ་དང་སྤྲུལ་སྐུ་ཅིག་ ངེས་པར་དུ་དགོ་པའི་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
དེ་བཞིན་དུ་ སྦྱིན་བདག་རྒྱལ་མཚན་དང་ གསེར་གཞོང་སློབ་བསོད་ནམས་དབང་འདུས་ ཚོགས་པ་ དེ་ལས་ གཡུས་མི་དམངས་ཀྱིས་ དགེ་བཤེས་རིགས་བཟང་གི་ཡང་སྲིད་ མཁན་སྤྲུལ་ཐོགས་མེད་རིན་པོ་ཆེ་ལུ་ གསེར་གཞོང་དགོན་པ་དེ་ འཛིན་སྐྱོང་མཛད་གནང་དགོ་པའི་ ཞུ་བ་ཕུལཝ་བཞིན་དུ་ རིན་པོ་ཆེ་གིས་ ཞལ་བཞེས་གནང་ཡོདཔ་ཨིན་པས།
དེ་ལས་ཚུར་ སྤྱི་ལོ་༢༠༠༢ ལུ་ རྒྱ་གར་མེེ་སཱོར་ སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་ལས་ ནང་པའི་རིག་གཞུང་གི་ སྐུ་ཡོན་ཡོངས་རྫོགས་བཞེས་ཚར་མི་ མཁན་སྤྲུལ་ཐོགས་མེད་རིན་པོ་ཆེ་གིས་ སངས་རྒྱས་བསྟན་པའི་གཞི་མ་ དགེ་འདུན་འདུས་པའི་སྡེ་ཨིནམ་ལས་ ཡར་རྒྱས་གཏང་ཐབས་ལུ་ ལྷ་ཁང་དང་ གྲྭ་ཤག་ཚུ་ སྔར་ཡོད་ཉམས་གསོ་དང་ གསར་བཞེངས་ཀྱི་ལཱ་ཚུ་ རིན་པོ་ཆེ་ཁོ་ར་དང་ སྦྱིན་བདག་རྒྱལ་མཚན་གྱིས་ མཉམ་འབྲེལ་ཐོག་ སྤྱི་ལོ་༢༠༠༥ ལས་ འགོ་བཙུགས་ནུག།
ཨིན་རུང་ མ་དངུལ་ལང་མ་ཚུགས་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ རིན་པོ་ཆེ་གིས་ སིངྒ་པུར་དང་ ཏའེ་ཝཱན་ལུ་བྱོན་ཏེ་ ནང་པའི་ཆོས་ལུགས་འཛིན་མི་ དད་ཅན་སྐྱ་སེར་ཚུ་ལུ་ ཆོས་བཤད་ལས་རིམ་ཚུ་ འགོ་འདྲེན་འཐབ་ཞིནམ་ལས་ ཏི་རུ་དུམ་གྲ་རེ་ཐོབ་མི་དེ་གིས་ ཉམས་གསོ་དང་ གསར་བཞེངས་ཀྱི་ལཱ་ཚུ་ནང་ ལྷན་ཐབས་འབད་ཡོདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ མཁན་སྤྲུལ་ཐོགས་མེད་རིན་པོ་ཆེ་གིས་ ཁོ་རའི་སྐུ་སྒེར་ཐོག་ལས་ གྲྭ་ཚང་གི་མཁན་སློབ་དང་ དགེ་འདུནམ་ཡོངས་ལུ་ ཉེ་བར་མཁོ་བའི་མཐུན་རྐྱེན་ཚུ་དང་ ལྟོ་གོས་ཆོས་གསུམ་ གནང་དང་གནང་བཞིན་དུ་འདུག།
དེ་མ་ཚད་ ཨ་ནེམོ་༢༥ དེ་ཅིག་ཡོད་མི་ བཀྲིས་ཕུག་ཨ་ནེམོ་གྲྭ་ཚང་དེ་ཡང་ འཚོ་བའི་མཐུན་རྐྱེན་གྱི་ དཀའ་ངལ་བྱུང་མི་ལུ་བརྟེན་ སྤྱི་ལོ་༢༠༡༡ ལུ་ དགོན་པའི་སྦྱིན་བདག་ གུ་རུ་ཚེ་དབང་དང་ བཀྲིས་ཕུག་གི་གཡུས་མི་ཚུ་གིས་ རིན་པོ་ཆེ་ལུ་ ཕུལ་ཡོདཔ་བཞིན་དུ་ ད་རེས་ འཛིན་སྐྱོང་འཐབ་ནི་ལས་ འགོ་བཟུང་སྟེ་ ལྟོ་གོས་ཆོས་གསུམ་ཆ་མཉམ་ར་ རིན་པོ་ཆེ་གིས་ གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གསེར་གཞོང་གྲྭ་ཚང་གི་འོག་ལུ་ འཕགས་པའི་དགེ་འདུན་ལས་ སྐྱབས་ཞུ་བར་འོང་མི་ རྒན་རྒས་ཉམ་ཆུང་ ལྟ་མི་ག་ཡང་མེད་པའི་ ཕོ་མོ་༡༥ དེ་ཅིག་ལུ་ཡང་ སྡོད་གནས་དང་ ཟླ་རིམ་གྱི་ལྟོ་རྒྱགས་དང་ བཀབ་གོ་ལ་ཚུ་ རིན་པོ་ཆེ་གིས་ གནང་བཞིན་དུ་འདུག།
མཁན་སྤྲུལ་ཐོགས་མེད་རིན་པོ་ཆེ་གིས་གཙོས་པའི་ གསེར་གཞོང་གྲྭ་ཚང་གི་ བླ་སློབ་དང་ དགེ་འདུནམ་ཚུ་ རང་ཟླ་༣ པའི་ཚེས་༨ ལུ་ གནམ་བྱཱར་གྱི་བཞུགས་གནས་ སྤ་རོ་ལམ་གོང་རྒེད་འོག་ སྔོ་པ་ལུ་ གསོལ་ཐབ་བྱིན་ཞིནམ་ལས་ ལོག་རང་ཟླ་༨ པའི་ཚེས་༢༥ ལུ་ དགུན་གྱི་བཞུགས་གནས་ དགེ་ལེགས་ལུ་ གསོལ་ཐབ་བྱོན་དོ་ཡོདཔ་ད་ གསོལ་ཐབ་བྱོན་ནིའི་ལམ་སྲོལ་དེ་ཡང་ སྤྱི་ལོ་༢༠༡༤ ལས་ འགོ་བཙུགས་ནུག།
གསེར་གཞོང་གྲྭ་ཚང་གིས་ རང་ཟླ་༩ པའི་ཚེས་༢༢ ལུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་དང་འབྲེལ་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་བསྒང་ ཉེ་འདབས་ཀྱི་ གཡུས་ཚན་ཚུ་ནང་ལས་ མི་སེར་སྟོང་ཕྲག་ལས་བཅད་དེ་ ཚེས་བཅུ་མཇལ་བར་འོང་མི་ཚུ་ལུ་ སྐུ་འཆམ་གྱི་རིགས་དང་ གུ་རུའི་མཐོང་གྲོལ་ དེ་ལས་ ནང་རྟེན་བྱིན་ཅན་ཚུ་གི་ མཇལ་ཁ་གནངམ་ཨིན་ཟེར་ གྲྭ་ཚང་གི་དབུ་འཛིན་ མཁན་པོ་ཀུན་ལེགས་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

 

About admin

Check Also

རྒྱལ་ཡོངས་ཚོགས་སྡེ་དང་ བརྡ་བརྒྱུད་གྱི་བར་ན་ མཉམ་འབྲེལ་ཁག་ཆེ་ནི།

༉ ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དང་ བརྡ་བརྒྱུད་ཀྱི་འཐུས་མི་ཚུ་གི་བར་ན་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གཙུག་སྡེ་༢ ཀྱི་བར་ན་ མཉམ་འབྲེལ་འབད་དགོཔ་ ཁག་ཆེ་བའི་སྐོར་ གཅིག་གིས་གཅིག་ལུ་ ངོས་ལེན་འབད་ཡི། མཉམ་འབྲེལ་ཞལ་འཛོམས་ནང་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ …

Leave a Reply

Your email address will not be published. Required fields are marked *