གསེར་ཀེ་ཇི་༡༩ ལྐོག་ཚོང་གི་ ཞིབ་དཔྱད་སྙན་ཞུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ།

མི་༡༡ འཛིན་བཟུང་འབད་མི་ལས་༢ བར་ཚོང་འཐབ་མི་དང་༢ སྐྱེལ་ལེན་འབད་མི་ དེ་ལས་༧ འཕྲོག་བཅོམ་འབད་མི་ཨིན་པས།

༉ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ བྱང་ཕྱོགས་ཀྱི་ ས་མཚམས་ལས་ དངུལ་ཀྲམ་ས་ཡ་༥༧ དེ་ཅིག་གནས་པའི་ གསེར་ཀེ་ཇི་༡༩ རྒྱལ་ཁབ་ནང་ ནང་འདྲེན་འབད་མི་ དོགས་ཅན་ཕོ་སྐྱེས་༡༡ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་ཐོག་ ཞིབ་དཔྱད་འབད་བའི་ཤུལ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་མི་དེ་ རྩོད་དོན་གསརཔ་ཅིག་ཨིན་པས།
དེ་ཡང་ ཐིམ་ཕུག་ཁྲིམས་སྲུང་འགག་སྡེ་གིས་ ཉེས་བཤེར་གྱི་དོན་ལས་ ཞིབ་དཔྱད་སྙན་ཞུ་དེ་ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ བཏང་ཡོདཔ་བཞིན་དུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཀྱི་དོན་ལུ་ ད་ལྟོ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
གསེར་ལྐོག་ཚོང་ནང་ སྤ་རོ་དང་ དབང་འདུས་ཕོ་བྲང་ ཆུ་ཁ་རྫོང་ཁག་ལས་ སོ་ནམ་པ་༩ དང་ ཕུན་ཚོགས་གླིང་ལུ་ ཚོང་འབྲེལ་འཐབ་མི་༡ དང་ ལཱ་གཡོག་མེད་མི་ ཕོ་སྐྱེས་ཅིག་ འབྲེལ་གཏོགས་ཡོདཔ་སྦེ་ ཞིབ་དཔྱད་སྙན་ཞུ་ནང་བཀོད་ནུག།
སྤ་རོའི་ཁྲིམས་སྲུང་འགག་པ་གིས་ གསང་བའི་སྙན་ཞུ་ཐོབ་མི་དང་བསྟུན་ དོགས་པ་ཅན་ཚུ་ སྤྱི་ཟླ་༦ པའི་ཚེས་༢༡ ལས་འགོ་བཟུང་ དུས་ཡུན་ཟླ་ངོ་༡ ནང་ ས་གནས་ཁག་སོ་སོ་ལས་ འཛིན་བཟུང་འབད་ཡོདཔ་ད་ དོགས་ཅན་ཚུ་གིས་ གསེར་ལྐོག་ཚོང་ནང་ གསེར་གྱི་ཇོ་བདག་དང་ བར་ཚོང་འཐབ་མི་ གསེར་འབག་མི་ འཆར་གཞི་རྩམ་མི་ དེ་ལས་ འཕྲོག་བཅོམ་གྱི་ བྱ་སྒོ་ཚུ་འཐབ་པའི་ མངོན་གསལ་བྱུང་ནུག།
དེ་ཡང་ ཕོ་སྐྱེས་༡༡ འཛིན་བཟུང་འབད་མི་ལས་ སྟོབས་རྒྱས་དང་ བསོད་ནམས་རྒྱ་མཚོ་༢ ཀྱིས་ གསེར་ཀེ་ཇི་༡༩ འི་ཇོ་བདག་གམ་ འགོ་འདྲེན་པ་དང་ བླམ་དཔལ་འབྱོར་དང་ མགོན་པོ་༢ སྐྱེལ་ལེན་འབད་མི་ དེ་ལས་ ཕོ་སྐྱེས་གཞན་༧ གྱིས་ འཕྲོག་བཅོས་པའི་ འགན་འཁྲི་འབག་མི་ཨིན་པས།
གསེར་ནག་ཚོང་གི་འཆར་གཞི།
ན་ཧིང་ སྤྱི་ཟླ་༡༠ པའི་ནང་ བསོད་ནམས་རྒྱ་མཚོ་དང་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ རྒྱ་གར་གྱི་ཕོ་སྐྱེས་ སིང་ཟེར་མི་དང་ཕྱད་པའི་སྐབས་ འབྲུག་དང་བོད་ཀྱི་ ས་མཚམས་ལས་ གསེར་ནག་ཚོང་འཐབ་ནི་སྦེ་ ཐག་བཅད་ཡོདཔ་བཞིན་དུ་ སིང་གིས་ ཁོ་ལུ་ གསེར་ཀེ་ཇི་རེ་ལུ་ དོ་གླ་དངུལ་ཀྲམ་༢༠,༠༠༠ རེ་ སྤྲོད་ནི་སྦེ་ ཁ་བཟེད་ནུག།
ཟླཝ་༡ གི་རྒྱབ་ལས་ བསོད་ནམས་རྒྱ་མཚོ་གིས་ སྟོབས་རྒྱས་དང་ཕྱད་དེ་ གསེར་འབག་འོང་ནིའི་དོན་ལུ་ ཀེ་ཇི་རེ་ལུ་ དོ་གླ་དངུལ་ཀྲམ་༡༥,༠༠༠ རེ་ སྤྲོད་ནི་སྦེ་ སླབ་ཡོདཔ་བཞིན་དུ་ སྟོབས་རྒྱས་ཀྱིས་ འཆར་གཞི་དེ་གི་སྐོར་ལས་ ཨ་ཞེམོ་གི་རྨགཔ་ མགོན་པོ་དང་ བསྟུན་གྲོས་འབད་དེ་ མགོན་པོ་གིས་ཡང་ གསེར་ལེན་པར་ འགྱོ་ནི་སྦེ་ ཁ་བཟེད་ནུག།
སྤྱི་ཟླ་༡༡ པའི་ནང་ བསོད་ནམས་རྒྱ་མཚོ་གིས་ སྟོབས་རྒྱས་ལུ་ བོདཔ་ཅིག་ལས་ གསེར་ཀེ་ཇི་༡༩ ལེན་པར་ བོད་ལུ་འགྱོ་དགོཔ་སྦེ་ སློབ་ཡོད་རུང་ དེ་བསྒང་ སྟོབས་རྒྱས་ཁོ་ར་ དལ་ཁོམ་མེད་པར་ མགོན་པོ་དང་ ཁོ་རའི་ནུ་གཅུང་ བླམ་དཔལ་འབྱོར་ལུ་ ས་མཚམས་ཁར་སོང་སྟེ་ གསེར་ལེན་འབག་ཤོག་ཟེར་ སླབ་ཡོདཔ་ཨིན་པས།
སྟོབས་རྒྱས་དང་ མགོན་པོ་གིས་ གསེར་འབག་འོང་པའི་ གླ་ཆ་ཚུ་ ཁོང་༢ ཀྱི་བར་ན་ བགོ་བཤའ་འདྲན་འདྲ་རྐྱབ་ནི་དང་ བླམ་དཔལ་འབྱོར་ལུ་ དོ་གླ་དངུལ་ཀྲམ་༤༠,༠༠༠ སྤྲོད་ནི་སྦེ་ ཐག་བཅད་ནུག།
ཁོང་གཉིས་ བྱང་ཕྱོགས་ཀྱི་ ས་མཚམས་ལུ་ མ་འགྱོ་བའི་ཧེ་མར་ བླམ་དཔལ་འབྱོར་གྱིས་ མགོན་པ་དང་ སྟོབས་རྒྱས་མ་ཤེསཔ་སྦེ་ ཁོང་གི་འཆར་གཞི་སྐོར་ པདྨ་དབང་ཕྱུག་དང་ ཀུན་ལེགས་ཚེ་རིང་ལུ་ སླབ་ཡོདཔ་བཞིན་དུ་ པདྨ་དབང་ཕྱུག་དང་ ཀུན་ལེགས་ཚེ་རིང་གིས་ བླམ་དཔལ་འབྱོར་དང་ མགོན་པོ་༢ གསེར་འབག་སྟེ་ ལོག་འོང་པའི་ལམ་ཁར་ གསེར་འཕྲོག་བཅོམ་འབད་མི་ དག་པ་ཅིག་ གཏང་ནི་སྦེ་ གྱོས་ངན་བརྩམས་ཡོདཔ་ཨིན་པས།
ཀུན་ལེགས་ཚེ་རིང་གིས་ འཕྲོག་བཅོམ་པ་དག་པ་ཅིག་ འཚོལ་ནི་དང་ པདྨ་དབང་ཕྱུག་གིས་ ནག་ཚོང་གི་ རྒྱུན་ལམ་ཚུ་ཤེས་མི་ ཁོ་རའི་བུ་ བསོད་ནམས་དབང་ཕྱུག་ གཏང་ནི་སྦེ་ ཁ་བཟེད་ཡོདཔ་ད་ ཀུན་ལེགས་ཚེ་རིང་གིས་ ཆང་ཟས་དང་ ཕུརཔ་རྡོ་རྗེ་ ཀུན་དགའ་ ཚེ་རིང་རྡོ་རྗེ་༤ འཕྲོག་བཅོམ་འབད་བར་ གཏང་ནི་གི་ གྲ་སྒྲིག་འབད་ནུག།
གསེར་འབག་མི་དང་འཕྲོག་བཅོམ་པ།
བོད་ཀྱི་ས་མཚམས་ཁར་ བོདཔ་༢ ལས་ བླམ་དཔལ་འབྱོར་གྱིས་ གསེར་པག་ཅུང་ཀེ་ཇི་༡༠ དང་ མགོན་པོ་གིས་ གསེར་ཀེ་ཇི་༩ ལེན་འབག་འོང་ཡོདཔ་ད་ བླམ་དཔལ་འབྱོར་གྱིས་ གསེར་ཀེ་ཇི་༥ ཁོ་གི་སྐེདཔ་གུ་ བསྡམས་ཏེ་དང་ ཀེ་ཇི་༥ བེག་ནང་བཙུགས་ཡོདཔ་བཞིན་དི་ མགོན་པོ་གིས་ཡང་ གསེར་ཀེ་ཇི་༥ ཁོ་རའི་སྐེདཔ་གུ་ བསྡམས་པའི་ཁར་ ཀེ་ཇི་༤ བེག་ནང་བཙུགས་ཏེ་ འབག་འོང་ཡོདཔ་ཨིན་པས།
དེ་ལས་ བླམ་དཔལ་འབྱོར་གྱིས་ མགོན་པོ་མ་ཤེསཔ་སྦེ་ གསེར་ཐོབ་ཡོདཔ་དང་ ཁོང་ཞག་ རྒྱལཔོ་མཐོང་ཆེ་ལུ་ སྡོད་ནི་ཨིན་པའི་སྐོར་ བསོད་ནམས་དབང་ཕྱུག་ལུ་ འགྲུལ་འཕྲིན་ནང་ ཡིག་ཐོག་བརྡ་འཕྲིན་བསྐྱལ་ཡོདཔ་ད་ ཁོ་གིས་ འཕྲོག་བཅོམ་པ་ཚུ་ མ་ལས་འོང་ནི་ འགོ་བཙུགས་ཏེ་ ཧཱཔ་དར་རྒྱས་ལུ་ལྷོདཔ་ད་ འཕྲོག་བཅོམ་འབད་དགོཔ་སྦེ་སླབ་ནུག།
འཕྲོག་བཅོས་པ་ཚུ་ ཀུན་ལེགས་ཚེ་རིང་གིས་ བ་ལ་ཁའི་ལྟག་ལུ་ཚུན་ སྣུམ་འཁོར་ནང་ བསྐྱལ་བའི་ཤུལ་ལས་ ས་མཚམས་ཁ་ཐུག་ལུ་ ལམ་འགྲུལ་འབད་བའི་ ནམ་དུས་ལུ་ ཆང་ཟས་ན་སྟེ་ ལམ་ཁ་ལས་ ལོག་འོང་དགོཔ་བྱུང་ཡོདཔ་ད་ འཕྲོག་བཅོམ་འབད་མི་གཞན་༤ ལམ་ཁར་ཞག་ཉལ་བའི་ཤུལ་ལས་ དེ་གི་ནངས་པར་ ཧཱཔ་དར་རྒྱས་ལུ་ལྷོདཔ་ད་ འཆར་གཞི་དང་འཁྲིལ་ བསོད་ནམས་དབང་ཕྱུག་གིས་ ཚེ་རིང་རྡོ་རྗེ་དང་ ཀུན་དགའ་ ཕུལཔ་རྡོ་རྗེ་༣ ས་གནས་དེ་ཁར་ བསྒུགས་བཅུག་སྟེ་ ཁོ་ར་ ས་གོ་སོ་སོའི་ནང་ གཡིབ་སྡོད་མི་དེ་ཡང་ མགོན་པོ་གིས་ ཁོ་ ངོ་ཤེས་ནི་དེ་གིས་ཨིན་པས་ཟེར་ ཞིབ་དཔྱད་སྙན་ཞུ་ནང་བཀོད་ནུག།
ཁོང་ཆ་ཁྱབ་ ཕྱི་རུའི་ཆུ་ཚོད་༣ དེ་ཅིག་ཁར་ ཧཱཔ་དར་རྒྱས་ལུ་ལྷོདཔ་ད་ བླམ་དཔལ་འབྱོར་གྱིས་ ཁོང་༢ ས་ཁོངས་ནང་ལྷོད་དོ་ཟེར་བའི་ བརྡ་སྟོན་པའི་ཚུལ་ལུ་ ཨ་ཚིའུ་ཤོར་བརྫུ་བཏབ་ཡོདཔ་ད་ འཕྲོག་བཅོམ་པ་༣ གྱིས་ ཐག་རིང་ས་ལས་ གསེར་འབག་འོང་མི་༢ ལུ་སྒུག་ཟེར་སླབ་ད་ ཁོང་༢ ཆ་ར་ ཕྱོགས་སོ་སོ་སྦེ་ བྱོག་ཡར་སོཔ་ལས་ ཚེ་རིང་རྡོ་རྗེ་གིས་ བདའ་འགྱོཝ་ད་ བླམ་དཔལ་འབྱོར་དེ་ ཚལ་མ་ནང་ གཡིབ་སྡོད་སར་མཐོང་ཡོདཔ་ཨིན་པས།
དེ་བསྒང་ མགོན་པོ་དེ་ གར་སོང་མེད་པར་ བྱང་པའི་ཤུལ་ལུ་ འཕྲོག་བཅོམ་པ་༣ བླམ་དཔལ་འབྱོར་འབད་སར་འགྱོཝ་ད་ ཁོ་གིས་ ཁོང་ལུ་ གསེར་ཀེ་ཇི་༣ བྱིན་ཡོདཔ་ད་ བླམ་དཔལ་འབྱོར་གྱིས་ འཕྲོག་བཅོམ་པ་ཚུ་ལུ་ བྱུང་རྐྱེན་དེ་ ངོ་མ་བཟུམ་ མཐོང་ནིའི་དོན་ལུ་ ཁོ་གི་བེག་དེ་ སྤེད་གཏང་དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས།
འཕྲོག་བཅོམ་པ་ཚུ་ ས་གནས་དེ་ཁ་ལས་ རྒྱབ་ཐལ་ཞིནམ་ལས་ བླམ་དཔལ་འབྱོར་གྱིས་ མགོན་པོ་ལུ་ འགྲུལ་འཕྲིན་བཏང་སྟེ་ ཁོ་ ག་ཏེ་ལུ་ཡོད་ཟེར་ སླབ་ཡོདཔ་མ་ཚད་ འཕྲོག་བཅོམ་པ་ཚུ་ལས་ བྲོས་ཟུར་འབདཝ་ད་ གསེར་ཀེ་ཇི་༥ ཡོད་མི་བེག་དེ་ བཀོག་བཞག་དགོཔ་བྱུངམ་ལས་ ཁོ་གི་སྐེདཔ་གུ་ བསྡམས་འབག་འོང་མི་ གསེར་ཀེ་ཇི་༥ དང་ བྱོག་ཐལ་ཡོདཔ་སྦེ་སླབ་ནུག།
མགོན་པོ་གིས་ཡང་ ཁོ་ལུ་ གསེར་ཀེ་ཇི་༤ ཡོད་མི་བེག་དེ་ བྱོག་འགྱོཝ་ད་ ལམ་ཁར་བཀོག་བཞག་ཡོདཔ་སྦེ་ སླབ་མི་ལུ་བརྟེན་ ཁོང་༢ མ་ཕྱད་བའི་ཧེ་མར་ བླམ་དཔལ་འབྱོར་གྱིས་ མགོན་པོའི་རྐང་རྗེས་བདའ་སྟེ་འགྱོཝ་ད་ གསེར་ཀེ་ཇི་༤ ཡོད་མི་བེག་ཐོབ་པའི་ཤུལ་ལུ་ གསེར་བཏོན་ཐོག་ལས་ བེག་དེ་ ཚལ་མ་ནང་བཀོག་བཏང་ནུག།
བླམ་དཔལ་འབྱོར་གྱི་ལག་པར་ གསེར་ཀེ་ཇི་༡༡ ཡོད་མི་ལས་ ཀེ་ཇི་༦ ཤིང་ཅིག་གི་རྩ་བར་ སྦ་བཞག་སྟེ་ ཁོ་གི་སྐེདཔ་གུ་བསྡམས་མི་ གསེར་ཀེ་ཇི་༥ རྐྱངམ་གཅིག་ འབག་འོང་ཡོདཔ་ད་ མགོན་པོ་གིས་ཡང་ ཁོ་ལུ་ གསེར་ཀེ་ཇི་༤ རྐྱངམ་གཅིག་ཡོད་ཟེར་སླབ་སྟེ་ གསེར་ཀེ་ཇི་༡ གི་སྐོར་ལས་ ལོ་རྒྱུས་མ་སླབ་པས། ཤུལ་ལས་ ཞིབ་དཔྱད་སྡེ་ཚན་གྱིས་ གསེར་ཀེ་ཇི་༡ པོ་དེ་ འབྲུག་རྒྱལ་ལུ་ མགོན་པོའི་ཁྱིམ་གྱི་ཐབ་ཚང་ནང་ སྦ་བཞག་ཡོདཔ་མཐོང་ནུག།
གསེར་འབག་འོང་མི་༢ ཀྱིས་ སྟོབས་རྒྱས་ལུ་ ལམ་ཁར་གསེར་ཀེ་ཇི་༡༠ འཕྲོག་བཅོམ་པ་ཚུ་གི་ལག་པར་ ཚུད་སོཔ་ལས་ གསེར་ཀེ་ཇི་༩ རྐྱངམ་གཅིག་ འབག་འོང་ཚུགས་ཅི་ཟེར་ སླབ་ཡོདཔ་ད་ གསེར་ཀེ་ཇི་༩ པོ་དེ་ སྟོབས་རྒྱས་ལུ་སྤྲོད་ནུག།
གསེར་ཚོང་འབྲེལ་འཐབ་ཡོདཔ།
སྟོབས་རྒྱས་ཀྱིས་ གསེར་ཀེ་ཇི་༩ ཐོབ་ཡོད་པའི་སྐོར་ བསོད་ནམས་རྒྱ་མཚོ་ལུ་ སླབ་ཡོདཔ་མ་ཚད་ གསེར་སྐྱེལ་ལེན་འབད་མི་༢ ཡང་ སྤ་རོ་ལུ་ ཁོ་གི་ཟ་ཁང་ནང་འབོ་སྟེ་ གསེར་ཀེ་ཇི་༡༠ ག་དེ་སྦེ་ འཕྲོག་བཅོམ་པ་ཚུ་གི་ལག་པར་ ཚུད་སོངཔ་ཨིན་ནའི་སྐོར་ སླབ་བཅུག་པའི་ཤུལ་ལས་ གསེར་ཀེ་ཇི་༩ པོ་དེ་ བསོད་ནམས་རྒྱ་མཚོ་ལུ་སྤྲོད་ནུག།
བསོད་ནམས་རྒྱ་མཚོ་ལུ་ གསེར་བསྐྱལ་བཏང་མི་ བོདཔ་དེ་གིས་ གསེར་ཀེ་ཇི་༩ པོ་དེ་ ཆུམ་གྱི་བེག་ཅིག་ནང་བཙུགས་ཏེ་ ཕུན་ཚོགས་གླིང་ལུ་ གླ་འཁོར་ཅིག་ནང་ བསྐྱལ་དགོཔ་སྦེ་ སླབ་བཞིན་དུ་ ཁོ་གིས་ ཐིམ་ཕུག་ལས་ རྒྱ་གར་གྱི་ གླ་འཁོར་ཅིག་ནང་ བསྐྱལ་ཡོདཔ་ད་ དེད་གཡོགཔ་དེ་གིས་ ཕུན་ཚོགས་གླིང་ལུ་ གསེར་གྱི་ཇོ་བདག་ཨིན་མི་ རྒྱ་གར་གྱི་ མི་ཅིག་ལུ་ སྤྲོད་ཡོདཔ་ཨིན་པས།
བོདཔ་དང་རྒྱ་གར་གྱི་ མི་ཚུ་གིས་ ཨུ་ཚུགས་བསྐྱེད་མི་ལུ་བརྟེན་ བསོད་ནམས་རྒྱ་མཚོ་གིས་ ཉིན་གྲངས་༢༠ དེ་ཅིག་གི་རྒྱབ་ལས་ གསེར་བྱང་སྟོར་ཤོར་མི་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་བར་ མགོན་པོ་དང་ སྟོབས་རྒྱས་༢ འབོ་ཡོདཔ་ད་ ཁོ་གིས་ གསེར་བཞག་མི་དེ་ སྐྱེལ་ལེན་འབད་མི་༢ ལུ་ དོགས་པ་ཆགས་ཡོདཔ་ཨིན་པས།
དེ་ལས་ ཚོ་རིང་རྡོ་རྗེ་དང་ ཀུན་དགའ་ ཕུརཔ་རྡོ་རྗེ་༣ བསོད་ནམས་དབང་ཕྱུག་དང་གཅིག་ཁར་ གསེར་འཕྲོག་བཅོས་འབད་ས་ལས་ ལོག་འོངམ་ད་ བཙན་ཏོག་ལྕགས་རི་ཟམ་ལུ་ པདྨ་དབང་ཕྱུག་དང་ཕྱད་དེ་ ཁོ་ལུ་ གསེར་ཀེ་ཇི་༣ རྩིས་སྤྲོད་པའི་ཤུལ་ལས་ ཁོ་གིས་ ཀུན་ལེགས་ཚེ་རིང་ལུ་ རྩིས་སྤྲོད་དེ་ འཕྲོག་བཅོམ་པ་ཚུ་ལུ་ གསེར་བཙོང་པའི་ཤུལ་ལས་ བང་འབྲེལ་ཁེ་སང་སྤྲོད་དགོཔ་སྦེ་སླབ་ནུག།
བླམ་དཔལ་འབྱོར་དང་ བསོད་ནམས་དབང་ཕྱུག་༢ དེ་གི་ནངས་པར་ ཧཱཔ་དར་རྒྱས་ལུ་སོང་སྟེ་ གསེར་ཀེ་ཇི་༦ སྦ་བཞག་མི་དེ་ འབག་འོང་པའི་ཤུལ་ལུ་ བླམ་དཔལ་འབྱོར་དང་ པདྨ་དབང་ཕྱུག་གི་བར་ན་ གསེར་ཀེ་ཇི་༣ རེ་ བགོ་བཤའ་རྐྱབ་ཞིནམ་ལས་ ཁོང་གཉིས་ཆ་ར་གིས་ ཇའི་སྒང་ལུ་འབག་སྟེ་ རྒྱ་གར་གྱི་མི་ཅིག་ལུ་ དངུལ་ཀྲམ་ས་ཡ་༥ རེ་སྦེ་ གསེར་ཀེ་ཇི་༢ རེ་བཙོང་ཡོདཔ་ཨིན་པས།
ཁྲིམས་སྲུང་ཞིབ་དཔྱད་སྡེ་ཚན་གྱིས་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ བླམ་དཔལ་འབྱོར་དང་ པདྨ་དབང་ཕྱུག་ མགོན་པོ་ཚུ་གི་ ཁྱིམ་ནང་ལས་ གསེར་ཀེ་ཇི་རེ་འབདཝ་ད་ ཀེ་ཇི་༣ འཕྱོག་བཟུང་འབད་དེ་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ རྩིས་སྤྲོད་ཡོདཔ་ཨིན་པས།
གསེར་ཀེ་ཇི་༣ དང་ཙན་དན་དམརམོ།
ཀུན་ལེགས་ཚེ་རིང་དང་ ཚེ་རིང་རྡོ་རྗེ་ ཀུན་དགའ་ དེ་ལས་ ཕུརཔ་རྡོ་རྗེ་༤ གསེར་ཀེ་ཇེ་༣ འབག་སྟེ་ ཕུན་ཚོགས་གླིང་ལུ་ སོང་ཡོདཔ་ད་ ཚེ་རིང་རྡོ་རྗེ་དང་ ཁོ་རའི་ཨ་པ་ ཀུན་ལེགས་ཚེ་རིང་དེ་ ཇའི་སྒང་ལུ་ ཟ་ཁང་ཅིག་ནང་ སྡོད་ཡོདཔ་མ་ཚད་ གཞན་༢ ཕུན་ཚོགས་གླིང་ལུ་ སྡོད་ཡོདཔ་ཨིན་པས།
ཀུན་ལེགས་ཚེ་རིང་གིས་ ཧ་ཤི་མ་ར་ལུ་ ཁོ་གི་ རྒྱ་གར་གྱི་ཆ་རོགས་ རོ་བིན་དང་ཕྱད་པའི་སྐབས་ ཁོ་ལུ་ གསེར་ཡོད་པའི་ ལོ་རྒྱུས་སླབ་ཡོདཔ་ད་ ཁོ་གིས་ རོ་བིན་དེ་ ཙན་དན་དམརམོ་གི་ ཚོང་འབྲེལ་འཐབ་པའི་སྐབས་ ངོ་ཤེས་ཡོདཔ་མ་ཚད་ རོ་བིན་ལུ་ དངུལ་ཀྲམ་ས་ཡ་༢ སྤྲོད་ནི་ཡོདཔ་ཨིན་པས།
ཁོ་གིས་ རོ་བིན་ལུ་ གསེར་ཀེ་ཇི་༡ དངུལ་ཀྲམ་ས་ཡ་༢.༨ སྦེ་ བཙོང་ཡོདཔ་བཞིན་དུ་ རོ་བིན་གྱིས་ ཁོ་ལུ་ འཐོབ་ནི་ཡོད་མི་ དངུལ་ཀྲམ་ས་ཡ་༢ བཏོགས་བཞག་སྟེ་ ལྷག་ལུས་དངུལ་ཀྲམ་འབུམ་༨ ཀུན་ལེགས་ཚེ་རིང་ལུ་ སྤྲོད་ཡོདཔ་ད་ དངུལ་འབོར་དེ་ལས་ ཀུན་ལེགས་ཚེ་རིང་གིས་ ཀུན་དགའ་ལུ་ དངུལ་ཀྲམ་འབུམ་༡ དང་ ཁོ་གི་བུ་ལུ་ དངུལ་ཀྲམ་༥༠,༠༠༠ དེ་ལས་ ཕུརཔ་རྡོ་རྗེ་ལུ་ དངུལ་ཀྲམ་འབུམ་༣ དང་༤ དེ་ཅིག་ བྱིན་ནུག་ཟེར་ཨིན་པས།
གསེར་ཚོང་འབྲེལ་འཐབ་པའི་ཤུལ་ལུ་ རོ་བིན་གྱིས་ ཁོ་ལུ་ ཙན་དན་དམརམོ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣,༠༠༠ རེ་སྦེ་ གནས་གོང་དངུལ་ཀྲམ་ས་ཡ་༤ དེ་ཅིག་གི་ ཙན་དན་དམརམོ་ བཀྲམ་སྤེལ་འབད་འོང་ཟེར་ སླབ་ཡོདཔ་ད་ ཀུན་ལེགས་ཚེ་རིང་གིས་ ཉིནམ་༣ དང་༤ དེ་ཅིག་གི་རཤུལ་ལུ་ ཧ་ཤི་མ་ར་ལས་ ཙན་དན་དམརམོ་བསྡུ་ལེན་འབད་དེ་ ལྷག་ལུས་གསེར་ཀེ་ཇི་༢ པོ་དེ་ཡང་ རོ་བིན་ལུ་ སྤྲོད་ཡོདཔ་བཞིན་དུ་ ཙན་དན་དམརམོ་གི་གནས་གོང་ དངུལ་ཀྲམ་ས་ཡ་༤ གུ་ ཁ་སྐོང་བཀལ་ཏེ་ དངུལ་ཀྲམ་ས་ཡ་༡.༦ ཀུན་ལེགས་ཚེ་རིང་ལུ་སྤྲོད་ནུག།
ཀུན་ལེགས་ཚེ་རིང་གིས་ ཙན་དན་དམརམོ་ཀེ་ཇི་༡,༠༠༠ དེ་ཅིག་ སྤ་རོ་ལུ་ སྐྱེལ་འདྲེན་འབད་ས་ལས་ བསོད་ནམས་དབང་ཕྱུག་གིས་ ལེན་འབག་ཡོདཔ་ཨིན་རུང་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ སྤ་རོ་བ་ལ་ཁ་ཟེར་སའི་ལྟག་ལུ་ འབྲུག་གི་བསྟན་སྲུང་དམག་མི་གིས་ འཕྱོག་བཟུང་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *